དབུ་ཤོག>གསར་འགྱུར།
  • ས་མཐོའི་ལུས་རྩལ་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-25

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལུས་རྩལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ནས། ལུས་རྩལ་སྒྱུར་བཅོས་དང་གསར་གཏོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད། བོད་ཀྱི་ལུས་རྩལ་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་སྟེ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2013ལོ་ཚུན་དུ། རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་52.37བཏང་ནས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མ་དངུལ་གྱི་འགན་ལེན་བྱས་ཡོད། ལྗོངས་ཡོངས་སུ་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་ཁྲི་99.7ཡོད་པ་དེས་ལྗོངས་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་28.4%བཟུང་བ་དང་། ལུས་རྩལ་ཐང་8629ཡོད་པ་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་655.0215དང་མི་རེར་ཆ་སྙོམས་སྨི་ངོས་གྲུ་1.8ཟིན་པ། སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་5829ཡོད་པ་དང་མི་སྟོང་རེར་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་1.6ཡོད་པ། རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་272བཙུགས་ནས་མི་ཚོགས་དང་། ས་ཁོངས། ལས་རིགས་བཅས་མི་འདྲ་བར་དམིགས་ཏེ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་། ཁྱད་ཆོས་ལྡན་པ། སྣེ་མང་ཅན། ཞུགས་ཚད་མང་བ་བཅས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དང་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་ཐེངས་3000ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བར་མི་ཐེངས་ཁྲི་250ཙམ་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དང་། རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན། རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་དམིགས་ཡུལ་གལ་ཆེན་བཅས་སུ་བརྩིས་ནས། དབྱར་དུས་ཀྱི་ལེགས་ལྡན་རྣམ་གྲངས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་དགུན་དུས་ཀྱི་ཁྱད་ལྡན་རྣམ་གྲངས་གསར་གཏོད་འཕེལ་རྒྱས་བཏང་བས། རྩལ་འགྲན་གྱི་གྲུབ་འབྲས་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཞིང་། 2013ལོ་ཚུན་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པ་ཚོར་གཟེངས་རྟགས་ཁྱོན་388ཐོབ་ཡོད།

    “སྡོང་ཕྲུག་ར་བའི་འཆར་གཞི”ལག་ལེན་ཧུར་ཐག་བསྟར་ཏེ་ཕུལ་བྱུང་ལུས་རྩལ་པ་336ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དུ་གསོ་སྐྱོང་བྱེད་པར་མངགས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི“འགག་རྩའི་འཆར་གཞི་ཆེ་མོར”སྐུལ་འདེད་ཤུགས་ཆེན་བཏང་ནས་ཕུལ་བྱུང་ལུས་རྩལ་པ་47འདེམས་སྒྲུག་བྱས་པ། ལུས་རྩལ་ཐོན་ལས་ཀྱི“གཏོར་གཟུགས་མཆོད་རྟེན་རྣམ་པའི”འཕེལ་རྒྱས་སྒྲོམ་གཞི་གཏོད་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་སྤུས་རྟགས་འགྲན་བསྡུར་བྱེད་སྒོ་སྐྱེད་སྲིང་ཤུགས་ཆེན་བྱས་ནས། ལུས་སྦྱོང་དང་སྤྲོ་གསེང་འགྲན་བསྡུར་མ་ལག་ཧུར་ཐག་བཏོད་པ། ལུས་རྩལ་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ཁུངས་བསྡུ་སྒྲིལ་གྱིས་ལུས་རྩལ་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱད་ལྡན་སྤུས་རྟགས་བཏོད་པ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། ལུས་རྩལ་རིག་གནས་ཀྱི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ལུས་རྩལ་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལུས་རྩལ་རིག་གནས་འགྲེམས་སྟོན་དང་། གངས་འཁྱགས་ལུས་རྩལ་རིག་གནས་འགྲེམས་སྟོན། ཀྲུང་གོའི་བོད་ཀྱི་རི་འཛེག་ཚོགས་ཆེན་གྱི་རིག་གནས་འགྲེམས་སྟོན། ཕྱི་རོལ་ལུས་རྩལ་རིག་གནས་ཀྱི་མཚན་མོའི་བྱེད་སྒོ་སོགས་སྤེལ་བ་དང་། བོད་ཀྱི་རི་འཛེག་ལུས་རྩལ་འཕེལ་རྒྱས་ཀྱི་འགྲེམས་སྟོན་ཁང་འཛུགས་པ། ས་མཐོའི་ཁྱད་ཆོས་ལྡན་པའི་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ་བཅས་བྱས་ནས་ལུས་རྩལ་རིག་གནས་ཀྱི་མི་སེམས་འགུལ་ཤུགས་ཆེ་རུ་བཏང་བ། 《བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་རྣམ་བཤད(བམ་པོ་གཉིས་པ)》རྩོམ་སྒྲིག་དང《རི་འཛེག་ལས་ལ་ནམ་ཡང་ཚར་དུས་མེད། བོད་ཀྱི་རི་འཛེག་བྱ་གཞག་གི་ལོ་ངོ་60》དཔེ་སྐྲུན་བྱས་ནས་བོད་ཀྱི་ལུས་རྩལ་ལོ་རྒྱུས་ཟིན་ཐོར་བཀོད་དེ་ལུས་རྩལ་རིག་གནས་ཀྱི་མཉེན་ཤུགས་ཆེ་རུ་བཏང་བ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་དང་ལྷ་སའི་ཤོག་བྱ་སོགས་མི་རིགས་ཀྱི་ལུས་རྩལ་རྣམ་གྲངས་ཁག་22རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་། གཉའ་བཅག་དང་སྦེ་ག་སོགས་རྣམ་གྲངས་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་བཅུག་པ། རྡོ་འགྱོགས་དང་མིག་མངས་སོགས་རྣམ་གྲངས་ལྗོངས་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་བཅུག་པ། ལྷ་སའི་ལོ་གསར་གྱི་ཚེས་གསུམ་རྟ་རྩལ་འགྲན་བསྡུར་དང་བོད་རིགས་ཀྱི་གཉའ་བཅག“2020ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་དུས་སྟོན་རྣམ་གྲངས”དང “2020ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་མི་རིགས་རྣམ་གྲངས”ནང་སོ་སོར་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།