དབུ་ཤོག>གསར་འགྱུར།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-24

    ཟླ་10ཚེས་16ཉིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་ཚོགས་ཆེན་དུས་ཐོག་ཏུ་འཚོགས་པ་རེད། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་གནང་བ་དང་། སྙན་སྒྲོན་གྱི་ནང“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན”“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་རྒྱུ་ནི་དུས་རབས་གསར་པར་རང་རེའི་རྒྱལ་ཁབ་འཕེལ་རྒྱས་དང་སྟོབས་འབྱོར་རྒྱས་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན”“ངེས་པར་དུ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་དགོས”ཞེས་བསྟན་གནང་ཡོད།

    ཚོགས་ཆེན་གྱི་སྙན་སྒྲོན་ལ་གསན་རྗེས་ས་མཐོའི་བུ་ཕྲུག་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ཤུགས་ཆེས་ཆེར་འཕེལ་ཡོད།

    “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་འོག་བོད་ལ་སྔར་བྱུང་མྱོང་མེད་པ་དང་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ནས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེ་རིང་ས་གནས་ས་ཐོག་ཏུ་སྙན་སྒྲོན་ཉན་རྗེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་འཕེལ་བྱུང” ཞེས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གསུངས་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ཙག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཐུབ་ཚད་དང་བློ་ཡིད་ཚིམ་ཚད་ཚད་གཞིར་བཟུང་སྟེ་ལྷག་བསམ་རྣམ་དང་དང་། བརྩེ་བ་ཆེན་པོ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི‘འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག’བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་ཞིབ་ཕྲའི་དོན་དག་ཆུང་ཙག་སྔར་ལས་མང་བ་བསྒྲུབས་པའི་ཁྲོད་ནས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་ཚོར་དུ་འཇུག་རྒྱུ་དང་ཕན་འབྲས་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་འཐོབ་པར་བྱ་རྒྱུ་ཡིན”ཞེས་གསུངས།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་གི་ཆ་ཡོད་ལ་མི་འདྲ་བའི་ཆའང་ཡོད། ཐུན་མོང་གི་ཆ་ནི་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་དོན་དུ་གཉེར་བ་དེ་ཡིན། མི་འདྲ་བའི་ཆ་ནི་བོད་ལྗོངས་ཀྱིས“འཕེལ་རྒྱས་གཏོང་རྒྱུ་ཚང་མར་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ལྡན་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་པ་ལྡན་པ་བཅས་ཡོང་བ་བྱ་རྒྱུ”དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་རེད།

    “2021ལོར་ཕུ་མ་བྱང་ཐང་ཤང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19796ཟིན་པ་དེ་2011ལོ་ལས་སྒོར་15690འཕར་ནས་འཕར་ཚད་382%ཟིན་པ་དང་། ལོ་རེར་ཆ་སྙོམས་38.2%འཕར་ཡོད”ཅེས་ཕུ་མ་བྱང་ཐང་ཤང་གི་ཤང་ཀྲང་གཞོན་པ་འགྱུར་མེད་ཆོས་བཟང་གིས་ཕ་ཡུལ་གྱི་འཕོ་འགྱུར་ཆེན་པོའི་སྐོར་གསུངས།

    ཕུ་མ་བྱང་ཐང་ཤང་གི་འཕོ་འགྱུར་ཆེན་པོ་ནི་རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཡིན། ལྷ་སའི་སྐྱིད་ཆུའི་རོང་ནས་གཙང་གསུམ་རྒྱུག་ཁུལ་བར་དང་། བྱང་རྩྭ་ཐང་ནས་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་བར། ཡར་ཀླུང་གཙང་པོའི་འགྲམ་ནས་ཇོ་མོ་གླང་མའི་འདབས་བར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་དང་། དྭངས་གཙང་ནུས་རྒྱུའི་ཐོན་ལས། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མཐོ་གསར་གྲངས་འཛིན་ཐོན་ལས་དང་། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་གང་མགྱོགས་འཕེལ་རྒྱས་བཏང་བས། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རིམ་གྱིས་མངོན་བཞིན་ཡོད།

    “སྙན་སྒྲོན་གྱི་ལེ་ཚན་བཞི་པར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད”ཅེས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་གསུངས་པ་དང་། ཁོང་གིས“ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། ཆ་ཚང་ཞིང་ཡང་དག་དང་ཕྱོགས་ཡོངས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་བྱ་གཞག སྒྱུར་བཅོས་སྒོ་དབྱེ་སོགས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་གྱིས་སྤུས་ཚད་སྔར་བས་མཐོ་བ་དང་། རྒྱུན་མཐུད་སྔར་བས་ཆོག་པ། བདེ་འཇགས་སྔར་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཡོང་བར་བྱེད་དགོས། “གློད་སྡོམ་ཞབས་གསུམ”སྒྱུར་བཅོས་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། ཞིང་འབྲོག་ཁུལ་སྒྱུར་བཅོས་སོགས་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་དམ་འཛིན་དང་རང་སྐྱོང་ལྗོངས་ཀྱི‘ལྟེ་གཅིག་རྒྱུད་གཉིས་དང་། ཁུལ་གཉིས་ཁོངས་གསུམ’གྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་སེམས་ཀྱི་ཉི་ཟླ་ཆེ་མོའི་དཔལ་འབྱོར་ཁུལ་དང་སྦྲེལ་མཐུད་ཧུར་ཐག་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་དཔལ་འབྱོར་ཁུལ་དང་སྦྲེལ་མཐུད། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་ཀྱི་འདུ་འགོད་ལག་བསྟར། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས”ཞེས་གསུངས།

    མིག་སྔར། རིམས་ནད་ཀྱི་གནས་ཚུལ་མུ་མཐུད་ལེགས་སུ་འགྲོ་བ་དང་ཆབས་ཅིག་རང་ལྗོངས་ཀྱི་ལས་ཐོན་བསྐྱར་ཚུགས་རིམ་པ་དབྱེ་བ་དང་རིགས་དང་ཡུག་ཁུལ་བགོས་ནས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། རིམས་ནད་ཀྱིས་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་ཆེད། རང་ལྗོངས་ཀྱིས་དུས་ཐོག་ཏུ《དཔལ་འབྱོར་བརྟན་པོ་ཡོང་བར་བྱ་རྒྱུའི་སྐོར་གྱི་གནས་སྐབས་རང་བཞིན་གྱི་བྱ་ཐབས་འགའ་ཞིག》བཟོས་ནས་བཏོན་པ་དང་། “དངོས་དངོས་རྗེན་རྗེན”གྱི་མ་དངུལ་སྒོར་དུང་ཕྱུར་22བཏོན་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་རྒྱ་ཆེའི་ཁྲོམ་རའི་བྱེད་པོ་གཙོ་བོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དཀའ་ངལ་ལས་སྒྲོལ་རོགས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ཏན་ཏིག་དང་དམངས་འཚོའི་མཐའ་ཚད་བརྟན་པོ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།