ཏང་གི་དམངས་ཕན་སྲིད་ཇུས་ལས་ང་ཚོ་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་ངེས་པར་དུ་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་བསྲུངས་ནས། ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་ཡུལ་མི་ཉི་སྐྱིད་ཀྱིས་ལོ་འདི་དག་རིང་གི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས། སེམས་འགུལ་ཆེན་པོས་འདི་ལྟར་ཤོད་ཀྱི་འདུག
དཀའ་བའི་ལ་མོ་མ་བརྒྱབ་ན། བདེ་མོའི་ཐང་ལ་ཇི་ལྟར་སླེབས་ཞེས་པའི་གཏམ་འདིས་ཉི་སྐྱིད་ཀྱི་མི་ཚེ་གསོན་ཉམས་དོད་པོས་མཚོན་གྱི་ཡོད། རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”དང་། རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས” སྒར་རྫོང་གི“ཁྱིམ་ཚང་ཡག་ཤོས” རང་སྐྱོང་ལྗོངས་ཀྱི“དབུལ་སྒྲོལ་འགག་སྒྲོལ་གྱི་བུད་མེད་འཇོན་ཐང་ཅན” རང་སྐྱོང་ལྗོངས་ཀྱི“གསུམ་བརྒྱད་དར་དམར་བའི་དཔེ་དམག”སོགས་གཟི་བརྗིད་མཚན་སྙན་རེ་རེ་ནི། ཉི་སྐྱིད་ཀྱིས་དཀའ་སྤྱད་འབད་བརྩོན་ལྷོད་མེད་གནང་བ་ལས་བྱུང་བ་ཤ་སྟག་རེད།
1997ལོའི་གོང་། འདི་ལོ་ལོ་37ལ་སླེབས་པའི་ཉི་སྐྱིད་ནི་ཕྲུ་གུ་གཞན་དག་དང་འདྲ་བར་ས་མཆོང་གནམ་མཆོང་བྱེད་མཁན་གྱི་ཕྲུ་གུ་ཞིག་རེད། འོན་ཀྱང་ལོ་13ལ་སླེབས་སྐབས། སྟབས་མ་ལེགས་པར་རླངས་འཁོར་གྱི་ལས་འཛོལ་ཞིག་ཐོན་ནས་ཁོ་མོའི་རྐང་པ་གཡོན་མ་ཆག ཉི་སྐྱིད་ཀྱི་རྐང་པར་སྨན་བཅོས་བྱ་ཆེད། ཁོང་གི་ཨ་མས་ཉེ་རིང་གང་ས་ནས་དངུལ་གཡར་བ་དང་ཁྱིམ་གྱི་སྒོ་ཕྱུགས་བཙོངས་ཏེ། ཁོང་གང་སར་སྨན་བཅོས་བྱེད་པར་ཐེངས་མང་ཁྲིད་པ་དང་། གཤགས་བཅོས་ཐེངས་བཅུ་ལྷག་ཙམ་བྱས་རུང་དྲག་སྐྱེད་ཡག་པོ་བྱུང་མེད། 2008ལོའི་དབྱར་ཁར་ཉི་སྐྱིད་ཀྱི་ཨ་མས་ཁོང་ཁྲིད་དེ་སི་ཁྲོན་ཁྲེང་ཏུར་སྨན་བཅོས་བྱེད་པར་བསྐྱོད་པས། སྨན་ཁང་ནས་ཁོང་གི་རྐང་པར་འདེགས་སྐྱོར་ཞིག་བསྒར་བ་རེད།
བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འཕིགས་ཞེས་པའི་དཔེ་ལྟར། གོམས་སྦྱངས་ཡུན་རིང་བྱས་པས། 2011ལོར་ཉི་སྐྱིད་གཞི་ནས་འཁར་རྒྱུག་ལ་རྟེན་མི་དགོས་པར་གོམ་པ་རྒྱག་ཐུབ་པ་རེད།
འོན་ཀྱང་2015ལོར་ཁོང་གི་ཨ་མ་མི་ཡུལ་འདི་དང་གཏན་བྲལ་དུ་སོང་བས། ཆགས་ས་རྟེན་ས་ཨ་མ་གཅིག་པུ་ལས་མེད་པའི་ཁོ་མོར་སྡུག་བསྔལ་ཚད་མེད་བྱུང་། འོན་ཀྱང་དཀའ་ངལ་དེ་འདྲའི་མདུན་དུ་ཉི་སྐྱིད་ཀྱིས་ཕྱིར་བཤོལ་མ་བྱས་པར་མིག་ཆུ་འཕྱིས་བཞིན་དད་སེམས་བརྟན་དུ་བཏང་ནས། བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཆེད་དུ་འབད་བརྩོན་ཧུར་ཐག་གནང་བ་རེད།
འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པའི་ཆེད་དུ། ཐོག་མར་ཉི་སྐྱིད་ཀྱིས་གྲོང་ཚོར་ཙག་ཙིག་ཚོང་ཁང་ཞིག་བཙུགས། ཚོང་ཁང་བཙུགས་མ་ཐག་ཚོང་ཧ་ཅང་སྐྱོ་པོ་ཡོད་དེ། མཚམས་རེ་ཉིན་གཅིག་ལ་གཏེར་ཆུ་འགྱིག་དམ་གཅིག་ཀྱང་བྲིན་གྱི་མེད་པས། ཡུན་རིང་གྱོང་ཕོག་པ་ལས་ཁེ་བཟང་རག་མེད། དེར་བརྟེན། ཁོང་གིས་ཤོག་སྒམ་ཞིག་གི་ངོས་སུ་ཉི་སྐྱིད་ཙག་ཙིག་ཚོང་ཁང་ཞེས་བྲིས་ཏེ། ཚོང་ཁང་གི་སྒོ་རྩར་བཞག་ནས་ཡར་འགྲོ་མར་འགྲོ་བྱེད་མཁན་གྱིས་འདི་གར་ཚོང་ཁང་ཞིག་ཡོད་པ་ཤེས་སུ་བཅུག དེ་ནས་དུས་ཀྱི་འགྱུར་བ་དང་བསྟུན་ནས་གྲོང་མི་མང་པོས་འདི་གར་ཚོང་ཁང་ཞིག་ཡོད་པ་ཤེས་ནས། ཙག་ཙིག་ཉོ་མཁན་ཇེ་མང་དུ་སོང་ལ། ཚོང་ཡང་ཉིན་རེ་བཞིན་ཡག་ཏུ་ཕྱིན།
2012ལོར། སྒར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་བདེ་མཆོག་གྲོང་ཚོར་བརྟག་ཞིབ་བྱེད་སྐབས། ཉི་སྐྱིད་ཀྱི་མི་སེམས་འགུལ་བའི་གནས་ཚུལ་དག་ཤེས་རྗེས། ཁོང་ལ་དངུལ་ཁང་ནས་བུད་མེད་ཀྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་སྒོར་ཁྲི་4རེ་འདུན་ཞུ་རོགས་བྱས་ནས། ཁོང་གི་ཚོང་ཁང་གི་གཞི་ཁྱོན་ཆེ་རུ་བཏང་། དེ་ལྟར་ཉི་སྐྱིད་ཀྱི་དཀའ་སྤྱད་འབད་བརྩོན་དང་ཉེ་འཁོར་མང་ཚོགས་དང་ས་གནས་སུ་བཅའ་སྡོད་དཔོན་དམག་ཚོའི་ལྟ་རྟོག་འོག་ཁོང་གི་ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་བ་དང་། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་ཁོང་ཡང་ཡུལ་མི་གཞན་དང་མཉམ་དུ་ཧྲའན་ཤིས་ཞིང་ཆེན་གྱིས་སྐྲུན་རོགས་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོས་ཤིང་ཁོང་གིས་དེ་གར་ཇ་ཁང་ཞིག་ཀྱང་བཙུགས།
2016ལོར། ཉི་སྐྱིད་ཀྱིས་བུད་མེད་ཀྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་ཐེངས་གཉིས་པ་སྟེ་སྒོར་ཁྲི་5གཡར་ནས། ཙག་ཙིག་ཚོང་ཁང་དེ་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་ཏུ་བསྒྱུར་བ་དང་། ཇ་ཁང་ལའང་མཛེས་བཟོ་བྱས་པས་ལོ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་ཡོད་པའི་ཁར། བཟའ་ཟླ་ལའང་ཕྱིར་གླ་པར་བསྐྱོད་པའི་ཡོང་འབབ་བྱུང་ནས། 2017ལོར་ནང་མི་ཚང་མ་བདེ་བླག་ངང་དབུལ་གྲོལ་ཐུབ་ཡོད། ད་ཆ་ལོ་གཅིག་ལ་ཉི་སྐྱིད་ཀྱི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད།
མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་ངོ་མ་མིན། འཚོ་བ་ཇེ་ལེགས་སུ་འགྲོ་བའི་ཉི་སྐྱིད་ཀྱིས་ཉེ་འགྲམ་གྱི་གྲོང་མི་རྣམས་ཡེ་ནས་བརྗེད་མྱོང་མེད་པར། ལོ་ལྟར་དགུན་ཁ་ཤར་རིམ་བཞིན་ཁོང་གིས་གྲོང་ཚོའི་མི་ཧྲེང་རྒན་རྒོན་ཚོར་འཚམས་འདྲི་བྱེད་པར་འགྲོ་ཡི་ཡོད། ཁོང་གིས་མ་གཞི་རྒན་རྒོན་ཚོར་སྤྲོད་པའི་དངོས་ཟོག་མང་པོ་མེད་ཀྱང་། ཁོ་ཚོས་འདི་དག་ལས་དྲོ་སྐྱིད་ཚོར་ཐུབ་པའི་རེ་བ་ཡོད་ཅེས་འཛུམ་དམུལ་དམུལ་ངང་བཤད། གཞན་ཡང་ཁོང་གིས་ད་དུང་ལོ་མང་རིང་གི་ཚོང་བརྒྱབ་པའི་ཉམས་མྱོང་སྦ་གསང་གང་ཡང་མེད་པར་གྲོང་ཚོའི་བུད་མེད་ཚོར་བསླབས་ཏེ། ཚང་མ་ཕྱུག་འགྱུར་ལམ་དུ་སྐྱོད་རོགས་བྱེད་ཀྱི་ཡོད།
ཉི་སྐྱིད་ཀྱིས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག ངའི་དབུལ་ཞྭ་འཕུད་ཐུབ་སོང་། ངས་ཀྱང་ཉེ་འགྲམ་གྱི་མི་དེ་བས་མང་བ་མཉམ་དུ་ཕྱུག་འགྱུར་ལམ་དུ་སྐྱོད་པར་སྐུལ་ཁྲིད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
འདི་ལོ་ཉི་སྐྱིད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། འདི་ནི་ངས་ཚེ་གང་བརྗེད་ཐུབ་པ་མི་འདུག གྲོང་ཚོར་ལོག་རྗེས་ངས་ངེས་པར་དུ་སྣེ་ཁྲིད་དེ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། སྒྲོག་འགྲེལ་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས། ཡུལ་མི་ཚོས་ངར་བཅངས་པའི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།