ཚེས་7ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི“ཞིང་གསུམ”འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་ཡི་དཔེ་ཟླར་གྱུར་ཡོད།
ཚོགས་ར།
ཞིང་འབྲོག་ཐོན་ལས་སྤུས་ཚད་ལེགས་པོས་འཕེལ་རྒྱས་བྱུང་བ། གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། ཁྱིམ་ཚང་གི་ཞིང་ར་དང་འབྲོག་ར་2012ལོའི་15ནས་9261བར་མགྱོགས་མྱུར་མང་དུ་ཕྱིན་ཡོད། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མྱུར་པོ་བྱུང་ནས། རིམ་རྩིས་བྱས་ན་ལེགས་ལྡན་ཁྱད་ལྡན་ཐོན་ལས་མཉམ་འདུས་4དང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་7 ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་18 ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་4བཅས་འཛུགས་གཏོད་བྱེད་པའི་ཆོག་མཆན་ཐོབ་པ་དང་། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོའམ་གྲོང་རྡལ་དང་ཀྲུང་གོའི་ཡིད་འོང་སོས་དལ་གྲོང་གསེབ་སོ་སོར་52དང་27ཟིན་ཡོད།
ཞིང་འབྲོག་ལས་ལ་ཚན་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ། 2012ལོ་ནས་བཟུང་། ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་ཁག་60དང་། རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཁག་43ཐོབ་ཅིང་། ཤང་གྲོང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་685བཙུགས་པ། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་2012ལོའི་2984ནས་2021ལོའི་8719བར་མང་དུ་ཕྱིན་ཡོད། 2021ལོར་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་255.34ཟིན་པ་དེ། 2012ལོ་ལས་ལྡབ་གཅིག་འཕར་བ་ལས། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་གིས་ལོ་ལྟར་ཞིང་། ནགས། འབྲོག ཉ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་ཕྱེད་ཀ་བཟུང་ཡོད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་63.57ཟིན་པ་དེ་2012ལོའི་ལྡབ་3.5རེད། 2021ལོར་ལྗོངས་ཡོངས་སུ“ཧེ་མ་ལ་ཡ་22རྟགས་ཅན“དང“བོད་ནས་2000”གཙོ་བོར་བྱས་པའི་ནས་ཀྱི་སོན་བཟང་མུའུ་ཁྲི་198.19ཁྱབ་གདལ་བཏང་སྟེ། ནས་ཀྱི་སོན་བཟང་ཁྱབ་ཚད་90.8%ཟིན་ཡོད།
ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་2012ལོའི་42.4%ནས་2021ལོའི་48.02%བར་མང་དུ་ཕྱིན་ཏེ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་ཡོད། རིམ་རྩིས་བརྒྱབ་ན་ཁྱིམ་དུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྲི་31.66སྒྱུར་བཀོད་བྱས་ཏེ། གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་གདལ་གཏོང་ཚད་58%ཟིན་པ་དང་། རིམ་རྩིས་བརྒྱབ་ན་མཛེས་སྡུག་ལྡན་ལ་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་275འཛུགས་གཏོད་དང་གཏན་འཁེལ་བྱས་པ་རེད། 2021ལོར་རྫས་ལུད་དང་ཞིང་སྨན་ཉོ་སྒྲུབ་བྱེད་ཚད་2012ལོ་ལས་སོ་སོར་11.38%དང་62.31%ཉུང་དུ་བཏང་ཡོད།
ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མགྱོགས་མྱུར་འཕར་བ། 2021ལོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16935ཟིན་པ་དེ་2012ལོའི་སྒོར་5698ཀྱི་ལྡབ་2.97ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་2012ལོའི་3.22ནས་2021ལོའི་2.75བར་ཆུང་དུ་ཕྱིན་ཡོད། གླ་ཕོགས་ལས་བྱུང་བའི་ཡོང་འབབ་སྒོར་6086ཟིན་པ་2012ལོའི་ལྡབ་4ཡིན་ཞིང་། གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར་7374ཟིན་པ་2012ལོ་ལས་ལྡབ་གཅིག་འཕར་ཡོད། རྒྱུ་ནོར་ལས་བྱུང་བའི་ཡོང་འབབ་ཁེ་གཙང་སྒོར་768ཟིན་པ་2012ལོའི་ལྡབ་5རེད།