དབུ་ཤོག>གསར་འགྱུར།
  • གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་7བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-10-11

    གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི“ཞིང་གསུམ”འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ནས་ལོ་7བསྟུད་མར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཏུའུ་ཅེ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་གཙོ་བོ་མཁོ་སྤྲོད་འགན་ལེན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། འབྲུ་རིགས་ཐོན་ཚད་དེ་2015ལོར་ཏུན་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་སྒྲོལ་བ་དང་2021ལོར་ཏུན་ཁྲི་106.15ཟིན་པ་དང་། ཤ་དང་འོ་མ་མི་རེར་ཆ་སྙོམས་བཟུང་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། སྔོ་ཚལ་ཐོན་ཚད་དེ་2012ལོ་ལས་36.41%འཕར་བ། ལྷ་ས་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོ་ཁག་ཏུ་ཡུལ་སྐོར་བ་ཉུང་བ་དང་མང་བའི་དུས་སུ་སྔོ་ཚལ་རང་མཁོ་རང་སྤྲོད་བྱེད་ཚད་65%དང་85%ཙམ་ཟིན་གྱི་ཡོད། དེ་དང་ཆབས་ཅིག་རང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི་333.57བར་མང་དུ་ཕྱིན་ནས་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་། 2021ལོར་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་710.6ཟིན་པ་དང་ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་66.1%ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་ཞིང་། རང་ལྗོངས་ཀྱི་ཞིང་ལས་སྡེ་ཚན་གྱིས་ཐོན་ལས་དབུལ་སྐྱོར་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་23.8དུས་བཀག་བཞིན་དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་ཞན་ཆ་བསལ་ཡོད། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མྱུར་པོ་བྱུང་ནས་རིམ་རྩིས་བྱས་ན་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོགས་པ་4དང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་7 ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་གྲོང་རྡལ་18 ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་4བཅས་འཛུགས་གཏོད་བྱ་རྒྱུའི་ཆོག་མཆན་ཐོབ་པ་དང་། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་52དང་27སོ་སོར་ཟིན་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། 2012ལོ་ནས་བཟུང་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་ཁག་60དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཁག་43ཐོབ་པ་དང་། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་685བཙུགས་པ། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་2012ལོའི་2984ནས་2021ལོའི་8719བར་མང་དུ་ཕྱིན་ཡོད།

    ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2021ལོར་ལྗོངས་ཡོངས་སུ་ལོ་མཇུག་ཏུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་1692.52ཟིན་པ་དེ་2012ལོ་ལས་17.68%ཉུང་དུ་ཕྱིན་ཡོད། རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་2012ལོའི་42.4%ནས་2021ལོའི་48.02%བར་མང་དུ་ཕྱིན་པ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད།

    ཞིང་འབྲོག་པའི་ཡོང་འབབ་མགྱོགས་མྱུར་འཕར་ཞིང་། 2021ལོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16935ཟིན་པ་དང་། འདི་ནི་2012ལོའི་སྒོར་5698ཀྱི་ལྡབ་2.97ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ལྡབ་ཁྱད་དེ་2012ལོའི་3.22ནས་2021ལོའི་2.75བར་ཆུང་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཏེ་ཆུ་བན་ནས་ཆུ་ཀ་ལ་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། ས་རྡོའི་ལམ་འབར་འབུར་ནས་སྣུམ་ནག་ལམ་བར། སྤྱིལ་ཁང་ནས་ཐོག་ཁང་བར། ཕྱིར་གླ་པར་སྐྱོད་པ་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པའི་བར་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།