དབུ་ཤོག>གསར་འགྱུར།
  • ལོ་འདི་དག་རིང་ནག་ཆུར་འཕེལ་རྒྱས་འདི་འདྲ་བྱུང་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-10

     2018ལོའི་ཟླ་5པ་ནས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ཚུན། ནག་ཆུ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2018ལོའི་སྒོར་དུང་ཕྱུར་142.1ནས་2021ལོའི་སྒོར་དུང་ཕྱུར་186.86བར་མང་དུ་སོང་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ནོར་ཤུགས་2018ལོའི་སྒོར་དུང་ཕྱུར་211.65ནས་2021ལོའི་སྒོར་དུང་ཕྱུར་242.15བར་མང་དུ་སོང་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར་2018ལོའི་སྒོར་དུང་ཕྱུར་29.25ནས་2021ལོའི་སྒོར་དུང་ཕྱུར་31.7བར་མང་དུ་སོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2018ལོའི་སྒོར་34283ནས་2021ལོའི་སྒོར་46977བར་མང་དུ་སོང་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2018ལོའི་སྒོར་10804ནས་2021ལོའི་སྒོར་15792བར་མང་དུ་སོང་ཡོད།

    640 (9).png

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་ཕྱིན་པ།

     2018ལོའི་ཟླ་8པར་ཕུན་ཚོགས་བཀྲ་ཤིས་ཀྱི་ནང་མི་རྣམས་བོགས་ཁང་ནས་ནག་ཆུ་གྲོང་ཁྱེར་བྱང་འདབས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད། ཕུན་ཚོགས་བཀྲ་ཤིས་ཀྱིས་དེ་སྔ་ཁྱིམ་དུ་ཁྱིམ་ཆས་ངོ་དྲག་པ་གཅིག་ཀྱང་མེད། འོན་ཀྱང་། ད་ཆ་ཉལ་ཁང་གཉིས་དང་། ཚོམས་ཆེན་གཅིག ཐབ་ཚང་གཅིག གསང་སྤྱོད་གཅིག་ཡོད་པའི་ཁར། ཁྱིམ་ཆས་ཀྱང་ཆ་ཚང་བས་ད་ཁང་པ་གླ་དགོས་མི་འདུག་ཅེས་དགའ་སྤྲོའི་ངང་ཤོད་ཀྱི་འདུག་ལ། ཁོང་གིས་ད་དུང་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་པས། ལྡུག་འཁོར་བཏང་ཆོག་པའི་ལག་ཁྱེར་རག་སྟེ། ཉེ་འགྲམ་གྱི་ལས་ཡུལ་ཞིག་ཏུ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་ཀྱི་ཡོད། ངའི་བཟའ་ཟླས་ཀྱང་ཁུལ་ཆུང་དུ་གཉེར་བའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དབུལ་སྐྱོར་འཁོར་ཁང་དུ་ལས་ཀ་བྱས་ནས། ཡོང་འབབ་བརྟན་པོ་ཡོད་པས། ནང་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་ཅེས་ཤོད་ཀྱི་འདུག

     ཕུན་ཚོགས་བཀྲ་ཤིས་ཁྱིམ་གྱི་འཚོ་བ་སྐྱིད་པོ་འདི་ལྟ་བུ་ནི་ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལས་བྱུང་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས“4+6”གི་དབུལ་སྒྲོལ་བྱ་ཐབས་ལག་ལེན་ཤུགས་ཆེན་བསྟར་ནས། མ་དངུལ་སྒོར་དུང་ཕྱུར་28.88བཏང་སྟེ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་215བསྐྲུན་པར་ཕན་འབྲས་སྒོར་དུང་ཕྱུར་4.47བྱུང་ཡོད་ལ། མང་ཚོགས་མི་ཐེངས་ཁྲི་30.7ལ་ཕན་པ་ཐོབ་པ་དང་། ངལ་རྩོལ་ནུས་ཤུགས་དབུལ་པོ་མི་ཐེངས་ཁྲི་16.51ལས་ཞུགས་གཞན་སྒྱུར་བྱས་པར། འབབ་འཕར་སྒོར་དུང་ཕྱུར་16.35བྱུང་བ། དུད་ཚང་12654ཡི་མི་གྲངས་50335ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐུབ་པ། དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་30ལྷག་ཙམ་ལ་འགན་ལེན་དང་རོགས་སྐྱོབ་ཐོབ་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་2018ལོའི་སྒོར་6682ནས་2021ལོའི་སྒོར་11676བར་མང་དུ་སོང་བ། དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།

    640 (10).png

    རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།

     ནག་ཆུ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། མིག་སྔར་G6གི་ཅིང་བོད་བར་གྱི་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་ལམ་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། G345ཡི་སྙན་རོང་ནས་མཚོ་བོད་གཞུང་ལམ་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ། G349ཡི་དཔལ་འབར་ནས་མལ་གྲོ་གུང་དཀར་བར་གྱི་གཞུང་ལམ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ། མ་དངུལ་སྒོར་དུང་ཕྱུར་144.65བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་རྣམ་གྲངས་405ལག་བསྟར་བྱས་པས། གྲོང་ཁྱེར་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་3.47ཟིན་པ། ནག་ཆུ་ནས་ཡུལ་ཤུལ་བར་གྱི་ཞིང་ཆེན་སྦྲེལ་བའི་འགྲུལ་སྐྱེལ་ལམ་ཐིག་ཐོག་མ་ཤར་གཏོང་ཐུབ་པ། ཤང(གྲོང་རྡལ)95དང་སྲིད་འཛིན་གྲོང་ཚོ་525ལ་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། མ་དངུལ་སྒོར་དུང་ཕྱུར་28.99བཏང་ནས་ཆུ་བེད་རྣམ་གྲངས་163ལག་ལེན་བསྟར་བས། གྲོང་གསེབ་ཏུ་འཐུང་ཆུ་གཙང་མ་ཁྱབ་ཚད་100%ཟིན་པ། 4Gདང་5Gཡི་སྦྲེལ་ཚུགས་1257གསར་པ་བཙུགས་པས། འཕྲིན་གཏོང་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་སྟེ། གྲོང་ཁྱེར་རྫོང་ཤང་གསུམ་དང་སྲིད་འཛིན་གྲོང་ཚོར་དྲ་ཆེན་ཁེབས་ཚད་སོ་སོར་100%དང་98%ཟིན་ཡོད།

    640 (11).png

    ཐོན་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ།

     ཉང་གཡག་གི་རྒྱུད་བཟང་ལེགས་ཆར་བརྟེན་ནས། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་དེ་སྔའི་འབྲོག་ར་དང“མགོ་གྲངས་སྟོང་དང་མུའུ་ཁྲིའི”གསོ་ཚགས་རྟེན་གཞིའི་རྨང་གཞིའི་ཐོག བོད་ལྗོངས་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས། “ཀུང་སི་དང་+རྟེན་གཞི། མཉམ་ལས་རྩ་འཛུགས+འབྲོག་དུད”འཛུགས་གཏོད་ཀྱི་བྱ་ཐབས་སྤྱད་པས། ཤང་དང་གྲོང་རྡལ་ཁག་གི“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ་ཡོད་པའི”མཉམ་ལས་རྩ་འཛུགས་ཀྱི་ཁེ་ཕན་འབྲེལ་མཐུད་ཐུབ་ནས། རྫོང་ཡོངས་ཀྱི་འབྲོག་ལས་ཐོན་ལས་འཁོར་འབྲེལ་རིམ་སྤོར་ལ་སྐུལ་མ་ཐེབས་ཡོད།

     བོད་ལྗོངས་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཨོ་རྒྱན་ཚེ་རིང་གིས། མིག་སྔར་ང་ཚོས་གསོ་ཚགས་བྱས་པའི་འབྲི་གཡག་སྤྱིར་ན་ལོ་4དང་5སོང་རྗེས་བཤས་བཏང་ཆོག་པས། སྐྱེ་འཚར་གྱི་དུས་འཁོར་ཐུང་དུ་ཕྱིན་ཡོད། ད་ཆ་འབྲོག་རའི་འབྲི་90%ལ་སྤྱིར་ན་ལོ་རེར་བེའུ་རེ་སྐྱེ་ཐུབ་ཀྱི་ཡོད་ཅེས་བཤད།

     ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཀྱིས་གཙོས་པའི་ཐོན་ལས་ཆེན་པོ་དྲུག་འཕེལ་རྒྱས་ཤུགས་ཆེན་བཏང་ནས། “སྣེ་གཉིས་ལ་དམ་འཛིན་དང་དབུས་ཁུལ་ལ་སྐུལ་འདེད”ཀྱི་འབྲོག་ལས་འཕེལ་རྒྱས་གཏོང་ཐབས་ལག་བསྟར་ཤུགས་ཆེན་བྱས་པ་དང་ཆབས་ཅིག ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱིས་ཁྱོན་བསྡོམས་ཕྱུགས་རིགས་མགོ་གྲངས་ཁྲི་574.74བཤས་བཏང་བ་དང་། ཤ་ཐོན་ཚད་ཏུན་ཁྲི་35.19ཟིན་པ། དཀར་ཆུའི་ཐོན་ཚད་ཏུན་ཁྲི་32.31ཟིན་ཡོད། ད་དུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1654ཡོད་པ་དང་མ་རྩ་སྒོར་ཁྲི་1000ཡན་གྱི་མཉམ་ལས་རྩ་འཛུགས་55ཡོད་པ་དེ་དག་གིས་ཞིང་འབྲོག་པ་དུད་ཚང་ཁྲི་9.12དང་མི་ཁྲི་42.57གྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། གསེར་རྙེད་ཆུས་ཀྱི་དགའ་བདེ་དང་། སྙན་རོང་རྫོང་གི་དཀར་མཆོག་འབྲོག་ར། ལྷ་རི་རྫོང་གི་ཉང་གཡག་གསོ་ཚགས་རྟེན་གཞི་སོགས་འབྲོག་ལས་སྣེ་འདྲེན་ཁེ་ལས་ཐོན་པ་དང་། འབྲོག་ལས་ཐོན་རྫས་འགྲེམས་ཚོང་གི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.23ཟིན་པ། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་656.79ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་25.5བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།