ཚེས་5ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་དང་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་འཕེལ་རྒྱས་བརྒྱུད་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གཞི་རྩའི་ཆ་ནས་གྲུབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་གྲངས་2012ལོའི་མི་ཁྲི་37.66ནས་2021ལོའི་མི་ཁྲི་15.8བར་ཉུང་དུ་ཕྱིན་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་གྲངས་2012ལོའི་མི་ཁྲི་1.59ནས་2021ལོའི་མི་ཁྲི་1.29བར་ཉུང་དུ་ཕྱིན་པ། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བས་གནས་སྐབས་རོགས་སྐྱོབ་བྱ་ཡུལ་2012ལོའི་མི་ཐེངས་ཁྲི་0.69ནས་2021ལོའི་མི་ཐེངས་ཁྲི་2.15བར་མང་དུ་ཕྱིན་ཡོད།
ལོ་བཅུའི་རིང་རང་ལྗོངས་ཀྱི་གཞི་རྩའི་དམངས་འཚོ་འགན་ལེན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་སྟེ། 2012ལོ་ནས་2021ལོ་བར་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞི་ལྡབ་2.23དང་ལྡབ་3.16སོ་སོར་མཐོ་རུ་ཕྱིན་ཞིང་། རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་དངུལ་སྒོར་དུང་ཕྱུར་85ཙམ་དོན་འཁྱོལ་བྱས་པ་དང་། ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་དངུལ་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། རིམ་རྩིས་བྱས་ན་ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར་136.54འགྲེམས་སྤེལ་བྱས་པ་དང་། རྒྱན་ཤོག་གི་སྤྱི་ཕན་དངུལ་སྒོར་དུང་ཕྱུར་39.01གྲབས་གསོག་བྱས་པ་དག་རྒན་རྒོན་དང་། བྱིས་པ། དབང་པོ་སྐྱོན་ཅན་བཅས་ཀྱི་ཕན་བདེའི་བྱ་གཞག་དང་དེ་བཞིན་སྤྱི་ཕན་བྱ་གཞག་ལ་དམིགས་སུ་བཀར་ནས་སྤྱད་པ། ཁྱིམ་སྡོད་སྡེ་ཁུལ་དང་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་ལུས་གསོ་གཉིས་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། རྒན་རྒོན་གྱི་ལོ་ན་མཐོ་བའི་ཕོགས་སྣོན་དང་། རྒན་གསོའི་ཞབས་ཞུའི་ཁ་གསབ། ལས་ནུས་ཤོར་བའི་རྒན་རྒོན་གྱི་ནད་སྐྱོང་ཁ་གསབ། ཕྱོགས་བསྡུས་ཁ་གསབ་སོགས་ལམ་ལུགས་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་རྒན་རྒོན་ཁྲི་6.7ཙམ་ལ་ཕན་པ་ཐོབ་པ། གཉེན་སྒྲིག་ཐོ་འགོད་འགྲོ་གྲོན་ཕྱོགས་ཡོངས་ནས་མི་དགོས་པར་བཟོས་པ་དང་། གཉེན་སྒྲིག་ཐོ་འགོད་ཀྱི“ཞིང་ཆེན་ལས་བསྒྲལ་ནས་མཉམ་སྒྲུབ་ལས་དོན”ཚོད་ལྟའི་ངང་ཧུར་ཐག་སྤེལ་བ། དམངས་ཕན་པུར་འཇུག་སྲིད་ཇུས་ཁྱབ་སྤེལ་ཤུགས་ཆེན་བཏང་བ། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་མུ་མཐུད་སྟོབས་ཆེར་བཏང་ཞིང་། ལྗོངས་ཡོངས་སུ་ལག་ཁྱེར་ཡོད་པའི་སྤྱི་ཚོགས་ལས་དོན་པ་358དང་། དང་བླངས་པའི་དཔུང་ཁག་50ལྷག་ཙམ། ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་10ལྷག་ཙམ་བཅས་ཡོད།