དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲེང་ཡེ།   |     སྤེལ་དུས།  2022-10-07

    བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་དམིགས་བསལ་དང་གལ་ཆེའི་རང་བཞིན་གཙོ་བོ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དེ་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཐད་དོན་སྙིང་གལ་ཆེན་ལྡན་པ་ལས་མངོན་ཡོད།

    མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱེད་པ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ད་ཆའི་གངས་ལྗོངས་ས་མཐོར“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། “ཐུན་མོང་བཞིའི”ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཇི་ཙམ་བཙུགས་པ་དེ་ཙམ་གྱིས་བརྟན་དུ་འགྲོ་བ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བ་བཅས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་རབ་ཏུ་བཞད་པར་བྱས་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཙོ་རྐང་རེད། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཧུར་ཐག་གཏོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་པའི”འཐབ་ཇུས་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གང་ལེགས་མངོན་ཡོད།

    བློ་སེམས་གཅིག་མཐུན་གྱིས་འབྱུང་འགྱུར་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་ལེའུ་གསར་རྩོམ། འཚོག་ཉེར་ཡོད་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་ལོ་5རིང་དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་འཆར་འགོད་བྱ་རྒྱུ་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་། ཚོགས་ཆེན་ཉི་ཤུ་པ་དྲིལ་བསྒྲགས་བྱེད་པ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་བཅས་བརྗོད་དོན་གཙོ་བོ་དང་གཙོ་དོན་ལ་འཛིན་ནས། མུ་མཐུད་མཐོང་རྒྱུ་ཡོད་པ་དང་ཚོར་རྒྱུ་ཡོད་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་། ཁབ་ལེན་རྡོ་དང་འདྲ་བར་ཏང་གི་མཐའ་སྐོར་དུ་རྡོག་རྩ་གཅིག་ཏུ་སྒྲིལ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་གཅིག་སེམས་གཅིག་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།