ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་པ་དང་བོད་སྐྱོང་བོད་བརྟན་བོད་དར་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་ཁག་ལ་ཁྱབ་པ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་གཏོད་ནས་གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་དུ་བཅུག་ཡོད།
ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཚང་མ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་སྲ་བརྟན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་སྔར་བས་བརྟན་དུ་སོང་བ་སྟེ།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས“མགོ་བོ་བཏེགས་ན་མཐོང་ཐུབ་པ་དང་། གང་སར་སློབ་སྦྱོང་བྱེད་ཐུབ་པ། གང་ས་ནས་མྱོང་ཚོར་ཐུབ་པ”བཅས་ཀྱི་གསར་གཏོད་རྣམ་པ་ཧུར་ཐག་བཏོད་པས་རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཟིལ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཏང་ཡོན་དཔེ་སྟོན་ལས་གནས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་རྒྱ་ཁྱབ་དང་རྒྱུན་སྲིང་ངང་སྤེལ་བས་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་དབར་ཕན་ཚུན་བརྩི་འཇོག་དང་། བསམ་ཤེས། ཁོང་ཡངས་བཅས་བྱེད་པའི་ཞི་མཐུན་རྣམ་པ་ཞིག་ཆགས་པ།
ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཚྭ་ཞིང་དང་། འུན་ཤིང་ཀོང་ཇོའི་ལྷ་ཁང་། ཚྭ་ཞིང་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་བརྟེན་ནས་སྨར་ཁམས་འཇང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཤང་ནུས་ཤུགས་ཡོད་རྒུས་བཏོད་པ་སོགས་རེད།
མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་པ་ལས་མི་རིགས་ཁག་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་སོང་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཐོན་ཁུངས་འབེལ་པོ་དང་གོང་འཕེལ་གྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱས་ཏེ་ཞིང་འབྲོག་ལས་སྤུས་ལེགས་ཕན་འབྲས་ཆེ་བ་དང་། གྲོང་གསེབ་གནས་འཕྲོད་ལས་འཕྲོད། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི“མོས་པ་ལྔ”ཆེ་རུ་ཤུགས་ཆེན་བཏང་ཡོད།
ལོ་བཅུའི་རིང་། འཕེལ་རྒྱས་ཀྱི་འབྲས་བུ་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་ཅིང་། 2019ལོའི་ལོ་མཇུག་ཏུ། བོད་ཀྱི་རྫོང་དང་ཆུས་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ་དང་ད་ཆ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་18362ནས་སྒོར་46503བར་འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་5698ནས་སྒོར་16935བར་འཕར་བ། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་བླུགས་ཏེ་ཉིན་བཞིན་ཡར་རྒྱས་ཀྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་པ་བཅས་རེད།
འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་གྱིས་མི་རིགས་ཁག་དབར་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་ཐོན་སྐྱེད་འཚོ་སྡོད་དང་ལས་སྒྲུབ་སློབ་སྦྱོང་བྱེད་པའི་ཁྲོད་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་ཡི་རང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། མི་རིགས་ཁག་དབར་གྱི་རིག་གནས་ཧེ་བག་ལ་བརྩི་འཇོག་བྱེད་པ་དང་སྣ་མང་བསྟུན་མཁས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོར་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།
འདས་ཟིན་པའི་ལོ་10ཡི་རིང་། ལྗོངས་ཡོངས་ཀྱིས་ད་དུང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་རྟགས་མཚོན་གྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས། ཀྲུང་ཧྭའི་རིག་གནས་དེ་ཉིད་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་སེམས་ཁམས་གཏོགས་ཁོངས་སུ་འགྱུར་བ་བྱས་པ་དང་། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་འདེམས་གཏོད་ཞིབ་ཚགས་བྱས་པ། བོད་ཀྱིས་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་བཀོད་པར་ངོས་འཛིན་གཏིང་ཟབ་བྱེད་རྒྱུར་ཁྲིད་སྟོན་བྱས་པ་བཅས་རེད།
ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་ཧུར་ཐག་གཏོད། བོད་ཀྱི་མི་རིགས་ཁག་གིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད།