རི་ཀླུང་མཛེས་ཤིང་ལྟ་ན་སྡུག སྐལ་བཟང་རྫོགས་ལྡན་ལེའུ་གསར་རྩོམ། རྒྱལ་ཡོངས་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་སྤྲོའི་བསུ་བ་ཞུ་བཞིན་པའི་མཚམས་སུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་73འཁོར་བ་དང་ཏག་ཏག་འཁེལ་ཡོད། ལོ་དོན་གསུམ་རིང་དྲག་ཆར་རླུང་འཚུབ་ཀྱི་ཛ་དྲག་དུས་བབ་འཕྲད་ཡོད་ལ། ལོ་དོན་གསུམ་རིང་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་དུས་བཟང་ཡང་འཕྲད་ཡོད། ཀྲུང་ཧྭའི་བུ་ཕྲུག་ཁྲི་སྟོང་མང་པོས་བློ་སྟོབས་ཆེར་སྐྱེད་དང་ཡིད་ཆེས་ཀྱིས་ཁེངས་པ་དང་། མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་སྐྱོད་བཞིན་ཡོད།
འདས་ཟིན་པའི་དུས་ཚོད་ནང་དཀའ་སྡུག་གི་ལོ་ཟླ་མང་པོ་བརྒྱུད་མྱོང་བ་དང་། ཡང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་པའི་དེང་གི་དུས་སུ་སྐྱོད་བཞིན་ཡོད་ལ། འོད་ཟེར་རབ་ཏུ་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་པས། ང་ཚོར་ལོ་རྒྱུས་རྩོམ་པའི་གདེང་ཚོད་ཀྱིས་ཁེངས་ཡོད་ལ་ལོ་རྒྱུས་གསར་གཏོད་བྱེད་པའི་སྤོབས་སེམས་ཀྱིས་ཁེངས་ཡོད། ལོ་73གྱི་གོང་། སྐར་ལྔའི་དར་དམར་ཐོག་མ་རྒྱལ་ས་པེ་ཅིང་གི་མཁའ་དབྱིངས་སུ་དལ་བུར་བསྒྲེངས་ནས། ཀྲུང་ཧྭ་མི་རིགས་ལ་འོད་སྣང་རབ་ཏུ་འཕྲོ་བའི་སྐྱ་རེངས་ཤར་ཞིང་། ད་ཆ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀྲུང་གོ་ཞིག་དང་རེ་བས་ཁེངས་པའི་ཀྲུང་གོ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད། མིག་སྔར། འཛམ་གླིང་ཐོག་ལོ་བརྒྱར་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོ་དང་རྔ་རྡུང་དར་འཕྱར་བྱས་ནས་བྱུང་བ་ཞིག་མིན་པར། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་ཕོད་པ་བྱས་ཏེ། དེ་བས་ལྗིད་རྫོབ་ཆེ་བ་དང་དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་པ་དང་། ངེས་པར་དུ་མུ་མཐུད་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་འཚབ་འཚུབ་སྤོང་བ། མུ་མཐུད་དཀའ་སྤྱད་འབད་བརྩོན། འབད་འབུངས་ཡར་བརྩོན་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ང་ཚོའི་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད།
རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་འགྲན་སློང་གང་ཞིག་འཕྲད་རུང་། ང་ཚོས་དམིགས་ཚད་དམ་བཟུང་ལྷོད་མེད་བྱེད་པ་དང་མགོ་མཇུག་གཙང་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ང་ཚོས་བློ་ཐག་རྦད་བཅད་ཀྱིས་ཕུགས་འདུན་མི་འགྱུར་བ་དང་ལམ་བུར་འགྱུར་བ་མི་གཏོང་བའི་ཆོད་སེམས་བརྟན་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ། ང་ཚོས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། ལོ་རྒྱུས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ། ཡང་དག་པའི་འཐབ་ཇུས་དང་ཐབས་ཇུས་ལ་བརྟེན་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། གོ་སྐབས་གསར་པ་གཏོད་པ། རྣམ་པ་གསར་པ་གཏོད་པ། ཞུམ་མེད་འཐབ་རྩོད་བྱེད་པ་བཅས་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་དགོས། ང་ཚོས་སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སེམས་པ་གཅིག་ཏུ་ཕྱོགས་པ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་བ། རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
འཚོག་ཉེར་ཡོད་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སུ་འཚོག་རྒྱུའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ང་ཚོས་ཡིད་ཆེས་ཆེར་སྐྱེད་དང་། སེམས་ཤུགས་གཅིག་སྒྲིལ། སྙིང་རུས་ཆེན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཀུན་སེམས་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། འབད་འཐབ་ལྷོད་མེད་བཅས་བྱས་ཏེ་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ནུས་ཤུགས་ཡོད་རྒུས་ལེན་དགོས།