བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད། རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ་ཁག་གིས་ཁག་སོ་སོར་ཏང་གི་འཐུས་མིའི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་གྱི་འཐུས་མི་2296བདམས་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས། ཏང་གི་ངོ་བོ་དང་དམིགས་ཡུལ་མཐའ་འཁྱོངས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ཧུར་ཐག་བཏང་སྟེ། འཐུས་མིའི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། ནང་མོལ་དང་གྲོས་མོལ་ཡང་ཡང་། རིམ་པ་བཞིན་འདེམས་པ་བཅས་ཀྱི་བྱ་ཐབས་སྤྱད་ནས་ཐོན་པ་ཞིག་རེད།
བདམས་ཐོན་བྱུང་བའི་འཐུས་མི་ཚང་མ་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པ་མ་ཟད། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། སྤྱོད་ཚུལ་ལེགས་པ། གྲོས་མོལ་བྱེད་པའི་འཇོན་ཐང་ཆེ་བ་བཅས་ཡོད་ཅིང་། རང་སོ་སོའི་ལས་གནས་སུ་གྲུབ་འབྲས་མངོན་གསལ་དོད་པོ་བཏོད་ཡོད་པས། ཁོང་རྣམ་པ་ནི་གུང་ཁྲན་ཏང་མིའི་ནང་གི་ཕུལ་དུ་བྱུང་བ་ཤ་སྟག་རེད། འཐུས་མིའི་གྲུབ་ཚུལ་དང་ཁྱབ་སྟངས་ལུགས་དང་མཐུན་པ་དང་གྲུབ་ཆའི་བསྡུར་གྲངས་ཁག་ཀྱང་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པས། ཚབ་མཚོན་རང་བཞིན་ཆེན་པོ་ཡོད། ཁོང་ཚོའི་ཁྲོད་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཡོད་ལ། ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཕྱག་ལས་གནང་བཞིན་པའི་ཏང་ཡོན་ཡང་ཡོད། ད་དུང་བུད་མེད་ཏང་ཡོན་མི་ཉུང་བ་ཞིག་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་བསྒྲགས། རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་ཁག་གི་འཐུས་མི་ཡང་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་ཆོག་པའི་ཐོབ་ཐང་ལ་ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་དགོས་ཀྱི་ཡོད།