དབུ་ཤོག>གསར་འགྱུར།
  • འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2022-09-27

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་འོས་སྦྱོར་ནན་ཏན་དང་། ཡང་ཡང་གྲོས་མོལ། རིམ་པ་བཞིན་འདེམས་སྒྲུག་བཅས་བྱས་པ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་2296བདམས་ཐོན་བྱུང་ཡོད། ཁོང་ཚོས་ཏང་ཡོངས་ཀྱི་ཏང་ཡོན་ཁྲི་9600ལྷག་ཙམ་དང་གཞི་རིམ་ཏང་རྩ་འཛུགས་ཁྲི་460ལྷག་ཙམ་གྱི་མངགས་བཅོལ་ནན་པོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ཟབ་མོ་ཕྲག་ཏུ་འཁུར་ཏེ་གཟི་བརྗིད་ལྡན་པའི་ངང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་རེད། འདི་གར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་པའི་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་ཏང་ཡོན་ཡོངས་ཀྱི་ཁྲོད་ནས་བརྒྱ་འདེམས་སྟོང་འདེམས་བྱས་པ་དང་ཏང་རྩ་འཛུགས་རིམ་པ་ཁག་གིས་རིམ་པ་བཞིན་འདེམས་སྒྲུག་བྱས་ནས་ཐོན་པའི་ཕུལ་དུ་བྱུང་བ་ཤ་སྟག་ཡིན་ཞིང་། གཏམ་སྤྱོད་གང་གི་ཐད་ནས་ཏང་གི་གཟུགས་བརྙན་མཚོན་ཡོད་ལ་སྤྱི་ཚོགས་ཡོངས་ཀྱིས་ཚད་མཐོའི་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། འཐུས་མིར་བདམས་པའི་བློ་མཐུན་ཚང་མས་གཟི་བརྗིད་ཀྱི་ཐོབ་ཐང་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། གཟི་བརྗིད་ཀྱི་ལས་འགན་དང་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། རྒྱ་ཆེའི་ཏང་ཡོན་ལ་སྣེ་ཁྲིད་ཡག་པོ་དང་མིག་དཔེ་འདོན་པ་བཅས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་གདོང་ལེན་དཔེ་བཟང་གི་ནུས་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མངོན་པར་བྱེད་དགོས། སྣེ་ཁྲིད་དེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཟླ་7ཚེས་26ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་དགོངས་དོན་རྟོགས་པ་དང་ཏང་གཤིས་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། སྣེ་ཁྲིད་དེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་སྟངས་འཛིན་ནན་པོ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ་འབད་འཐབ་དང་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། སྣེ་ཁྲིད་དེ་ཏང་གི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་དུ་གཏོང་བ། མི་དམངས་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། མང་ཚོགས་ལ་འབྲེལ་བ་དམ་ཟབ་དང་ཞབས་འདེགས་ཞུ་བ། སེམས་ནུས་ཡོད་རྒུ་བཏོན་ནས་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་དགོས་པ། སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ཞུས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་ལེན་བསྟར་བ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ། མི་ཆོས་གཙང་མ་དང་གཞུང་དྲང་ལས་སྒྲུབ། གོ་རྟོགས་མཐོ་རུ་དང་། བློ་སྦྱོང་ལ་ཤུགས་སྣོན། སྤྱོད་ཚུལ་ལེགས་གཏོང་བཅས་ཧུར་ཐག་བྱས་ནས་གཟུགས་བརྙན་བཟང་པོ་གཏོད་དགོས་པ། སྣེ་ཁྲིད་དེ་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་ཚུལ་དང་གྲོས་འགོ་འཚོལ་བསྡུ་དང་གོང་ཞུ་བྱས་ཏེ་ཏང་ཀྲུང་དབྱང་གིས་ཇུས་ཐག་གཅོད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས།

    ཏང་གི་ཚོགས་ཆེན་ཉི་ཤུ་པས་འདས་ཟིན་པའི་ལོ་5ཡི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། དུས་རབས་གསར་པ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བར་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཐོབ་པར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ། བྱ་སྤྱོད་ཀྱི་རྩ་འཛིན་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འབེབས་བྱེད་པ། ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པ་འདེམས་བསྐོ་བྱེད་པ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། ཚོགས་ཆེན་འཚོག་རིང་འཐུས་མི་ཚོས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ཉན་པ་དང་ཞིབ་བཤེར་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་ཞིབ་བཤེར། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་རེ་བ་གསལ་ཞུ། ཏང་གི་གནད་དོན་གལ་ཆེན་ལ་གྲོས་བསྡུར་དང་གཏན་འབེབས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་གསར་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བཅས་བྱེད་དགོས་ཤིང་། འཐུས་མི་ཚང་མས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ། སྤྲོ་སེམས་རབ་ཏུ་འཁོལ་བ་དང་སྙིང་སྟོབས་རབ་འཕེལ་གྱི་བསམ་པའི་ཉམས་འགྱུར་བཅས་ཀྱི་ཐོག་ནས་གྲོས་རིམ་ཁག་ནང་ནན་ཏན་ངང་ཞུགས་ཏེ་དམངས་གཙོའི་དབང་ཆ་ཡང་དག་སྤྱོད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་བྱ་བ་སྒྲུབ་པ། དམ་པ་དོན་གཉེར་གྱིས་ཐབས་དང་ཇུས་འདོན་པ་བཅས་བྱས་ཏེ་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། ཚོགས་ཆེན་གྲོལ་རྗེས་འཐུས་མི་ཚོས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་གཅིག་གྱུར། ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་སྒྲུབ་པའི་ཐོག་གཅིག་གྱུར་བཅས་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་འཐུས་མིའི་ནུས་པ་གང་ལེགས་འདོན་དགོས།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དེ་ཉིད་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་དང་། རྒྱལ་ཁའི་ཚོགས་ཆེན་ཞིག འབད་འབུངས་ཡར་བརྩོན་གྱི་ཚོགས་ཆེན་ཞིག་བཅས་སུ་འཚོགས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལེའུ་གསར་རྐྱང་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་ཐུབ་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།