དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-14

    གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་ལྷ་ས་སྐྱིད་ཆུའི་ངོགས་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་བར་དང་། འབྲུ་རིགས་ཀྱི་འབྱུང་གནས་ནས་ལེ་དབར་ཁྲི་ཡི་བྱང་ཐང་བར་མི་རིགས་ཁག་གི་མང་ཚོགས་ཚོས་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་། ཤུགས་རྒྱག་ས་གཅིག་ཏུ་རྒྱག་པ། ཉེན་ཁའི་སྔུན་བསུས་ནས་མདུན་དུ་སྐྱོད་པ། སྐད་གྲགས་མེད་པར་ལས་གནས་བརྟན་པོ་སྲུང་བ་བཅས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སེམས་ཁུར་བྱེད་པ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། དཔུང་པ་མཉམ་གཤིབ། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཏེ་མཐུན་སྒྲིལ་ལ་བརྟེན་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་པའི་དཔེ་རིས་ཤིག་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད་ལ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པའི་བདེན་དོན་ཡང་གསོན་ཉམས་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་ཡོད།

    མཐུན་སྒྲིལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ནུས་པ་དང་སྟོབས་དང་ལྡན་པའི་གོང་བུ་འགྲིལ་ཤུགས་ལས་བྱུང་བ་ཞིག་རེད། རང་ལྗོངས་སུ་རིམས་ནད་ཐོན་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་བ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གིས་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་ཞིབ་ཕྲ་གནང་ཡོད། “གུང་ཁྲན་ཏང་ཡོན་ཚོ། གདོང་མཆོང་བྱེད་དགོས”ཞེས་རིམས་འགོག་དམག་འཐབ་རྒྱག་འགོ་ཚུགས་མ་ཐག་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་ཡོན་ཚོ་རིམས་འགོག་འཐབ་རྩོད་ནང་ཞུགས་རྒྱུའི་འབོད་སྐུལ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིམས་འགོག་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གདོང་མཆོང་བྱེད་པ་དང་མིག་དཔེ་སྔོན་སྟོན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཐོབ་ཐང་མངོན་པ་དང་བྱས་རྗེས་བཞག་སྟེ་མང་ཚོགས་ལ་མཐུན་སྒྲིལ་དང་སྟོབས་ཤུགས་སྐུལ་སློང་བྱས་ཡོད།

    མཐུན་སྒྲིལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་ལས་བྱུང་བ་ཞིག་རེད། བོད་དུ་རིམས་ནད་ཐོན་པར་ཕྱོགས་ཚང་མས་སེམས་ཁྲལ་དང་དོ་ཁུར་བྱེད་ཅིང་། ལྗོངས་ཕྱི་ནང་དང་རྒྱལ་ཡོངས་ས་གནས་ཁག་གིས་བོད་ཀྱིས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ཆེན་པོ་འདིར་རྒྱལ་ཁ་ལེན་རྒྱུར་སྐུལ་མ་དང་རོགས་རམ་ཤུགས་ཆེན་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སུ་སྤུན་ཟླའི་ཞིང་ཆེན་གྱིས་རོགས་སྐྱོར་ཤུགས་ཆེན་དང་འཐབ་ས་མདུན་མར་རོགས་སྐྱོབ་བྱེད་པར་ཡོང་སྟེ། དུས་ཐོག་ཏུ་རོགས་རམ་ནུས་ལྡན་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་ལ། སྤུན་ཟླའི་ཞིང་ཆེན་ཁག་གིས་ཕན་ཚུན་ལྟ་སྐྱོང་དང་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་བརྩེ་སེམས་ཟབ་མོའང་གང་ལེགས་མངོན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལག་ལེན་བསྟར་ཏེ་བོད་ལ་སྤྱི་ཚོགས་ཐོག་གི་གཙང་བཟོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་སྔ་ཙམ་ལེན་པའི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་ཀྱང་འཕེལ་བར་བྱས་ཡོད། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དུས་ངལ་མཉམ་སེལ་བཅས་བྱེད་པའི་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དག་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་གང་ལེགས་མངོན་ཡོད།

    མཐུན་སྒྲིལ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱེད་པར་ཚད་མཐོའི་ངོས་འཛིན་གཅིག་གྱུར་བྱེད་པ་ལས་བྱུང་བ་ཞིག་རེད། ཛ་དྲག་གི་ཚོད་བགམ་འདིའི་མདུན་དུ་ལྗོངས་ཏང་ཨུད་ཀྱིས་འཕྲལ་ཐག་ཆོད་པོས་ཇུས་གཞི་འདོན་པ་དང་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཀའ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་གཙང་སྒྲུབ་བྱེད་པ། འཐབ་ཕྱོགས་ཁག་གི་རིམས་འགོག་འཐབ་འཛིང་པ་ཚོས་དཔའ་ངར་ཆེན་པོས་ལྡོག་སྐྱོད་དང་བསྟུད་མར་འབད་འཐབ་བྱེད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཆེད་མཉམ་དུ་སྐུལ་འདེད་བཏང་ཡོད།

    དེའི་ཁྲོད་གལ་འགངས་ཆེ་ཤོས་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་དེ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རང་ནུས་ཡོད་རྒུ་བཏོན་ནས་ཕན་ཚུན་རོགས་རམ་བྱས་ཤིང་། ལ་ལས་ཁྱིམ་མཚེས་ལ་སེམས་ཁུར་གྱིས་དངོས་ཟོག་སྐྱེལ་བ་དང་འཚམས་འདྲི་བྱེད་པ། ལ་ལས་དང་བླངས་པར་ཞུགས་རྒྱུའི་མིང་ཐོ་བཀོད་ནས་འཐབ་ས་དང་པོར་ལེགས་སྐྱེས་འབུལ་བ། མང་ཆེ་བས་ཁྱིམ་དུ་བསྡད་ནས་རང་གིས་རང་ལ་དོ་དམ་བྱས་ནས་སེམས་བག་ཡངས་པོས་རིམས་འགོག་ལ་གཞོགས་འདེགས་བྱེད་པ་སོགས་རིམས་ནད་ཀྱི་མདུན་དུ་ས་མཐོའི་བུ་ཕྲུག་ཚོས་སྐྲག་སྣང་སྤུ་ཙམ་མེད་པར་སྔ་བར་ཕྱི་གསུམ་དུ་དཔུང་པ་མཉམ་གཤིབ་དང་འབད་འབུངས་ཡར་བརྩོན་བྱས་དང་བྱེད་མུས་རེད།

    མིག་སྔར། རང་ལྗོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་མཐའ་བསྐོར་བའི་རྣམ་པ་ཞིག་ཏུ་གྱུར་ཡོད་ལ། འགག་སྒྲོལ་བཙན་གཏོར་གྱི་བྱ་སྤྱོད་ཀྱང་མགྱོགས་མྱུར་སྤེལ་བཞིན་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་སྔར་བས་གཅིག་གྱུར་དང་དད་སེམས་བརྟན་གཏོང་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་དམག་འཐབ་མཉམ་དུ་དང་རྒྱལ་ཁ་མཉམ་དུ་ལེན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།