ལོ་ངོ་སྟོང་ཕྲག་སོང་བའི་ཐང་བོད་དབོན་ཞང་རྡོ་རིང་ལས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ཀྲུང་ཧྭའི་བུ་ཕྲུག་མི་རབས་ནས་མི་རབས་བར་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མཐའ་མཚམས་འཛུགས་སྐྲུན་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་དཔང་པོ་བྱེད་ཐུབ་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་སྟོབས་བརྩོན། “འཛུགས་གཏོད་བཞི”དང“ཁུལ་གསུམ་དང་མཐོ་ས་གཅིག”གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མི་རིགས་འཆམ་མཐུན་དང་མཐའ་མཚམས་སྲ་བརྟན་གྱི་རྣམ་པ་གསར་རྐྱང་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།
བློ་ཁ་གཅིག་མཐུན་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་སྤེལ་རེས་མཉམ་ལས་སྔར་བས་དམ་ཟབ་བྱས་པ་དང་། བོད་སྐྱོར་ལས་བྱེད་པ་དང་། བོད་སྐྱོད་ལས་བྱེད་པ། དེ་བཞིན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལས་གཉེར་བ་བཅས་ཀྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཚུལ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། གངས་ལྗོངས་ས་མཐོའི་ས་གནས་ཁག་ཏུ་གྲོང་གསེབ་དར་རྒྱས་ལག་བསྟར་གཏིང་ཟབ་དང་། ཁྱད་ལྡན་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་གི་འོབས་ཆེན་བདེ་ལམ་དུ་གྱུར་ནས་མྱུར་བགྲོད་གཞུང་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་ཟོག་སྐྱེལ་འདྲེན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ལ་སྦྲེལ་མཐུད་ཐུབ་པ། ལྕགས་ལམ་སྐྱེལ་འདྲེན་རྒྱལ་ཡོངས་དང་དྲ་སྦྲེལ་ཐུབ་པ། 5Gའཕྲིན་གཏོང་ཁྱུག་ཙམ་ལ་འཛམ་གླིང་གི་ས་ཕྱོགས་གང་སར་གཏོང་ཐུབ་པ་སོགས་བྱུང་ཡོད།
འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ།
བོད་ཀྱི་མི་རྣམས་ལ་གནའ་སྔ་མོ་ནས་ཇ་འཐུང་བའི་གོམས་གཤིས་ཡོད།
དཔའ་བོའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》ནང་ཇ་རྟའི་ཚོང་དོན་དང་མི་རིགས་མཛའ་མཐུན་ལ་བསྟོད་གླུ་ཕུལ་བའི་སྙན་ཚིག་མང་པོ་ཡོད། འོན་ཀྱང་བོད་ནས་ཇ་ལོ་ཐོན་ཐུབ་པ་དེ་སྔོན་ཆད་བསམ་ཚོད་ལས་འདས་པ་ཞིག་རེད།
ཇ་རྟའི་གནའ་ལམ་གྱི་དྲིལ་སྒྲ་ཡལ་སོང་ཡང་། སྤོ་བོ་རྫོང་ཡིད་འོང་མཚོ་འགྲམ་དུ་ཇ་ལོའི་སྡོང་པོ་གྲངས་ལས་འདས་པ་སྔོ་ཐིང་ཐིང་དུ་སྐྱེས་ཡོད། རྒྱ་ཆེ་བའི་གྲོག་རོང་དུ་ཕུའུ་ཅན་ནས་ནང་འདྲེན་བྱས་པའི་ཀའོ་ཤང་ཇ་སྡོང་ཡུག་གཅིག་སྐྱེས་འཚར་བཟང་བ་དང་དེའི་ཐད་ཕུའུ་ཅན་ཚན་རྩལ་ཆེད་མངགས་པས་སེམས་ནུས་མང་པོ་བཏོན་ཡོད།
ཉིན་དགུང་ཞིག་ལ། ཉིན་དྲུག་དང་མཚན་ལྔ་བསྐྱོད་པའི་ཟོག་འགྲེམས་ཀུང་སི་ཞིག་གི་ཁ་ལོ་བ་ལི་གོ་ཧྲུན་སྟོད་ལུང་བདེ་ཆེན་ཆུས་ཟོག་འགྲེམས་གླིང་དུ་འབྱོར་བ་རེད། རླངས་འཁོར་ནང་ཡུན་ནན་ཕུའུ་ཨར་ནས་དབོར་ཡོང་བའི་ཧྥུལ་དམའ་བའི་ཇ་ལོ་བླུགས་ཡོད། ལོ་གཉིས་གོང་ཧྥུལ་དམའ་བདེ་ཐང་ཇ་ལོ་ཁྱབ་གདལ་བཏང་བ་ནས་བཟུང་ཀྲུང་ཧྭ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མཉམ་སྒྲོག་རོལ་དབྱངས་མུ་མཐུད་གཏོང་འགོ་ཚུགས་ཡོད།
ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཇ་ལོ་དེ་འབྲེལ་ཐག་དང་འབྲེལ་ཟམ་ཞིག་ལྟར་བོད་ལྗོངས་དང་མེས་རྒྱལ་གྱི་དབུས་ཁུལ་དམ་ཟབ་འབྲེལ་ཞིང་། འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པའི་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས་སྔར་བས་ཟབ་ཏུ་སོང་ཡོད།
མཐའ་བརྟན་མཐའ་དར་བྱེད་རྒྱུ་དེ་མི་རིགས་ཁག་གི་མི་དམངས་ཀྱི་རང་རྟོགས་བྱ་སྤྱོད་ལ་གྱུར་བ།
ཧི་མ་ལ་ཡའི་མཐའ་རུ་གནས་པའི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡོངས་སུ་དེ་སྔ་གཡང་འཛོམས་དང་། སྒྲོལ་དཀར། དེ་བཞིན་འདས་ཟིན་པའི་ཁོང་རྣམ་གཉིས་ཀྱི་ཕ་བཅས་མི་གྲངས་གསུམ་ལས་མེད། ཁོང་ཚོས་ལོ་བཅུ་ཕྲག་ཉིན་གཅིག་ལ་བལྟས་པ་ལྟར་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས་པ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ཡོད།
ད་ཆ་ཡུལ་སྨད་ཤང་དེ་ཤང་གཅིག་དང་གྲོང་ཚོ་གཉིས་ཡོད་པའི་འབྱོར་འབྲིང་ཤང་གྲོང་ཞིག་ཏུ་གྱུར་བ་དང་ད་ལྟ་ཤང་ཡོངས་ལ་མི་200ལྷག་ཙམ་ཡོད། ཡུལ་མི་སྤུན་ཟླ་ཚོས་མཐའ་སྲུང་བུ་སྤུན་དམག་དང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཐོན་སྐྱེད་དང་སྐོར་གཡེང་བྱས་ནས་ང་ཚོའི་ཁྱིམ་གཞིས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་བཞིན་ཡོད།
ཇེ་མང་དུ་འགྲོ་བཞིན་པའི་རྒྱལ་ཡོངས་ས་གནས་ཁག་གི་མི་རྣམས་ཀྱིས་བོད་འཛུགས་སྐྲུན་བྱེད་པའི་རུ་སྟར་ནང་ཞུགས་ནས་མེས་རྒྱལ་གྱི་མཐའ་མཚམས་དེ་བས་སྲ་བརྟན་དུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་སྟབས་བདེ་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ཐོན་ལས་དར་རྒྱས། སྐྱེ་ཁམས་སྡོད་མལ་ལ་འཚམ་པ་བཅས་རང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི“ཚད་གཞིར”གྱུར་ནས་མཐའ་མཚམས་འཕེལ་རྒྱས་བརྟན་ལྷིང་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད།
“མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པ་བཏོད་ཟིན་པ་དང་། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་ངེས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ས་མཐོའི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་གྱུར་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།