དབུ་ཤོག>གསར་འགྱུར།
  • རྣམ་གཡེང་གི་བསམ་བློ་དང་ལྷོད་གཡེང་གི་སེམས་ཁམས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-04

    མིག་སྔར། རང་ལྗོངས་འདི་ཉིད“སྐབས་བསྟུན་གཙང་བཟོའི”དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་དང་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་གཏོང་གནང་སྐབས། རྣམ་གཡེང་གི་བསམ་བློ་དང་ལྷོད་གཡེང་གི་སེམས་ཁམས་ངེས་པར་དུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་ཡང་འབད་བསྐྱར་འབད་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་ངར་ཤུགས་གཅིག་སྒྲིམ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག་ང་ཚོའི་ལས་ཀའི་ཁ་ཕྱོགས་སྔར་བས་ཁ་གསལ་དང་བྱ་ཐབས་སྔར་བས་ཏན་ཏིག་ཏུ་སོང་ཡོད་ལ་ཕན་འབྲས་ཀྱང་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོས་སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ། མིག་སྔའི་སྔར་བཞིན་ཛ་དྲག་ཅིང་རྙོག་འཛིང་ཆེ་བའི་དུས་བབ་ལའང་ངོས་འཛིན་སྔར་བས་གསལ་པོ་བྱེད་དགོས། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་ནའང་ཉེན་ཁ་མེད་པའི་ངེས་པ་མེད་ལ། ཉེན་ཁ་ཆུང་བ་ཡིན་ནའང་ཉེན་ཁ་མེད་པའི་ངེས་པ་མེད་པས། ནད་དཔེ་མང་དུ་འགྲོ་བའི་གྲངས་འབོར་ཉུང་དུ་གཏོང་བ་དང་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་བྱེད་པའི་གནོན་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད། ཕྱོགས་ཡོངས་ནས་སྐབས་བསྟུན་གཙང་བཟོ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་ད་དུང་དཀའ་ཚེགས་ཆེ་ཞིང་ཞིབ་ཚགས་པའི་ལས་ཀ་མང་པོ་སྒྲུབ་དགོས་ཀྱི་ཡོད། སྤྱིའི་ཆ་ནས་བཤད་ན། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སྔར་བཞིན་ཞན་ཆ་དང་མི་འདང་ས་མི་ཉུང་བ་ཞིག་ཡོད་ལ། འཕྲད་བཞིན་པའི་དུས་བབ་ཀྱང་སྟབས་བདེ་རུ་ཕྱིན་མེད་པར་དེ་བས་རྙོག་འཛིང་ཆེ་རུ་ཕྱིན་པ་དང་ལས་འགན་ཡང་དུ་སོང་མེད་པར་དེ་བས་ལྕི་རུ་ཕྱིན་ཡོད།

    དུས་བབ་ཇི་ཙམ་ལེགས་སུ་སོང་ན་དེ་ཙམ་གྱིས་རིག་པ་དྭངས་གསལ་ཡོང་བར་བྱེད་དགོས་ཤིང་། རང་ལྗོངས་ཀྱི་སྤྱི་ཚོགས་ཐོག་རིམས་ནད་གཙང་བཟོའི་རྨང་གཞི་བརྟན་པོ་མེད་པ་དང་། ས་གནས་དང་གྲོང་ཁྱེར་ཁག་གིས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་བྱེད་པའི་ལས་དོན་སྒྲུབ་སྐབས། ལ་ལས་ཧ་ཅང་ཡག་པོ་བསྒྲུབས་ཀྱང་ཉུང་ཤས་ཀྱིས་ཡག་པོ་དེ་ཙམ་བསྒྲུབས་མེད་པས་གནད་དོན་སྔར་བཞིན་མི་ཉུང་བ་ཞིག་གནས་ཡོད་པ་དང་། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་གདགས་གཤིས་གཙང་བཟོ་དང་། དོ་དམ་དང་སྔོན་འགོག་དང་ཚོད་འཛིན། སྐབས་བསྟུན་གཙང་བཟོ་སོགས་ཀྱི་ལས་དོན་དང་ལས་འགན་སྣ་ཚོགས་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྕི་པོ་ཡོད་པ། ཉེན་ཁ་ཆུང་བའི་ས་ཁུལ་དུ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིམས་ནད་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་ནན་པོ་བྱེད་པར་སྔར་བཞིན་ལས་ཀ་མང་པོ་སྒྲུབ་དགོས་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས།

    དུས་བབ་ཇི་ཙམ་ལེགས་སུ་སོང་ན་དེ་ཙམ་གྱིས་བྱ་སྤྱོད་ནུས་ལྡན་སྤེལ་དགོས་ཤིང་། བསམ་བློའི་ཐོག་ལྷོད་གཡེང་ཏོག་ཙམ་སོང་ན་བྱ་སྤྱོད་ཐོག་ལྷོད་གཡེང་འདོམ་གང་ཤོར་སྲིད་པས། ང་ཚོས་ངེས་པར་དུ་རྣམ་གཡེང་གི་བསམ་བློ་དང་ལྷོད་གཡེང་གི་སེམས་ཁམས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ངེས་པར་དུ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་སྔར་བས་ཞིབ་ཕྲ་དང་གནད་ལ་འཁེལ་པོ་བྱེད་དགོས། ངེས་པར་དུ་སྔར་ལས་མགྱོགས་པ་དང་། སྔར་ལས་བློ་ཐག་ཆོད་པ། སྔར་ལས་ནུས་ལྡན་བཅས་ཀྱི་བྱ་ཐབས་སྤྱད་དེ་རིམ་དབྱེ་རིགས་དབྱེ་དོ་དམ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་ཚོད་འཛིན་གྱི་ཉེན་ཁའི་ཁུལ་དབྱེ་མཚམས་འབྱེད་པ། གཙོ་གནད་ས་ཁོངས་འགག་སྒྲོལ་བྱེད་པ། གཙོ་གནད་ཡུལ་ལ་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ། སྨན་བཅོས་སྲོག་སྐྱོབ་ཡག་པོ་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་སྲུང་ཡག་པོ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ནས་སྐབས་བསྟུན་གཙང་བཟོ་གང་མགྱོགས་ཐུབ་པར་བྱེད་དགོས།

    དུས་བབ་ཇི་ཙམ་ལེགས་སུ་སོང་ན་དེ་ཙམ་གྱིས་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། ནད་དུག་དང་འཐབ་རྩོད་བྱེད་པར། ཞིབ་ཚགས་ཐད་སྣང་མེད་དུ་སོང་བ་དང་ལྷུ་ཚིགས་ཐད་ལས་འཛོལ་བྱུང་ཚེ། རྐང་རྗེས་ལག་སུབ་ཏུ་འགྲོ་བ་དང་ཐ་ན་རིམས་ནད་བསྐྱར་སློག་འབྱུང་སྲིད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་བཀའ་བསྒོས་ངེས་པར་ལག་ལེན་དང་གང་བཀག་དེ་སྡོམ་བྱེད་པ་དང་། “ལས་བྱེད་པས་ལས་ཀ་བྱེད་དགོས་ལ་བྱས་པར་གྲུབ་འབྲས་ཐོབ་པའི”འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ནས་རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གང་དུ་གནད་དོན་ཡོད་ཚེ་དེ་གར་སྐྱོད་པ་དང་གང་དུ་གནད་དོན་མངོན་གསལ་དོད་པོ་ཡོད་ཚེ་དེ་གར་གཅིག་སྡུད་ཐོག་ཐག་གཅོད་བཅས་བྱེད་དགོས་པ་ལས་གནད་དོན་ལ་གཡོལ་ནས་སྡོད་མི་རུང་བར་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ནས་ཐད་ཀར་གཏུག་ཐུབ་པ་དང་། དམ་འཛིན་མཐར་ཕྱིན་པ་བྱེད་པའི་ཆོད་སེམས་དང་བྱས་པའི་རྗེས་ཡོད་པའི་སེམས་ཤུགས་ཀྱི་ཐོག་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།