དབུ་ཤོག>གསར་འགྱུར།
  • ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-31

    རིམས་ནད་སྔོན་འགོག་དང་དམངས་འཚོ་འགན་ལེན་གཉིས་ཀ་མ་འཕྱུགས་པ་བྱེད་དགོས།

    མང་ཚོགས་ལ་རིན་པ་མི་དགོས་པར“གཅེས་སེམས་ཚལ་ཐུམ”སྤྲོད་པ་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་རྣམ་པའི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་གློག་རྡུལ་ལམ་ཡིག་བེད་སྤྱོད་བྱེད་པའི་བར་དང་། གོ་རིམ་ལྡན་པའི་ངང་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་ལས་སྒོ་སླར་གསོ་བྱེད་པ་ནས་ནུས་ཤུགས་ཡོད་རྒུས་བོད་དུ་ལུས་པའི་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པའི་བར། རིམས་ནད་ཐོན་པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ལ་བཞག་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    དམངས་འཚོ་འགན་ལེན་བྱས་ནས་དམངས་སེམས་བདེ་ལ་འཁོད་པར་བྱས་ཤིང་། རིམས་ནད་ཀྱི་གནས་ཚུལ་འོག་མི་སེར་གྱི“ཤ་ཚལ་སྒོང་གསུམ”དང“ཟ་འབྲུ”དང་འབྲེལ་བ་ཡོད་པའི“དོན་དག་ཆུང་ཙག”ཡོད་དོ་ཅོག་ནི་དམངས་སེམས་བདེ་བར་འགོད་པའི“དོན་ཆེན”ཤ་སྟག་རེད། གཞི་རྩའི་མཁོ་སྤྲོད་འགན་ལེན་ཐུབ་ཚེ་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་སྤྱི་ཚོགས་ཡོངས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་ཐུབ། རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་དང་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཟོག་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། སྡེབ་སྐྱེལ་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ནས་འགན་ལེན་ནུས་ལྡན་དང་། རིན་གོང་བརྟན་པོ། ཐབས་ལམ་ཤར་གཏོང་བཅས་ཡོང་བའི་འགན་ལེན་བྱེད་དགོས། དམངས་འཚོ་འགན་ལེན་བྱས་ནས་དྲོ་སྐྱིད་ཚོར་བར་བྱེད། རིམས་ནད་ལ་འཐབ་སྐབས་བསྡུར་དགོས་པ་ནི་བློ་སྟོབས་ཡིན་པ་དང་ཚོད་བགམ་བྱེད་པ་ནི་འགན་ལེན་ཡིན། འཐབ་ཕྱོགས་ཁག་གི་འདེགས་སྐྱོར་ཤུགས་ཆེན་བྱེད་པ་ནི་རྒྱལ་ཁ་ལེན་པའི་རྨང་གཞི་བརྟན་པོ་ཡིན། རིམས་ནད་ལ་ཁ་གཏད་གཅོག་པའི་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པས་ཐད་ཀར་འཐབ་ས་མདུན་མར་བསྐྱོད་ནས་བཀོད་འདོམས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་འཕྲད་པའི་གནད་དོན་དང་དཀའ་ངལ་དུས་ཐོག་དང་རང་སར་ཐག་གཅོད་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མང་ཚོགས་དང་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ་དང་། མི་སེར་དང་ཐག་ཉེ་ཤོས་ཡིན་པ་དང་འབྲེལ་གཏུག་མང་ཤོས་བྱེད་མཁན་གཞི་རིམ་གྱི་ལས་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ། དང་བླངས་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་མང་ཚོགས་ཀྱི་དགོས་མཁོ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ཏེ་མང་ཚོགས་ཀྱི་རེ་ཞུར་དུས་ཐོག་ཏུ་ཨ་ལན་སློག་དགོས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུ་དང་བརྩེ་བ་ཟབ་མོས་ཐག་གཅོད་ཡག་པོ་བྱེད་པ་དང་། ཞིབ་ཚགས་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཡག་པོ་ཞུ་བ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ། སེམས་གསོ་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།