པེ་ཅིང་གི་དུས་ཚོད་ཚེས་23ཉིན་གྱི་དགོང་མོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རིམས་འགོག་སྨན་ཁབ་ལྟ་འདོམས་མ་ལག་གི་ཚོད་སྐོར་གྱི་ཚད་གཞི་ལོན་པའི་ཁྱབ་བསྒྲགས་བྱས་པ་རེད།
རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་ལ་2011ལོ་དང་2014ལོར་སྔ་རྗེས་སུ་ཚོད་སྐོར་གྱི་ཚད་གཞི་ཐེངས་གཉིས་ལོན་པ་དང་། 2022ལོའི་ཟླ་7པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་སྐོར་གྱི་ཚད་གཞིའི་རིམ་པ་སྤར་རྗེས་ཀྱི་རེས་སྐོར་གསར་པའི་ཕྱོགས་ཡོངས་ཀྱི་ཚོད་སྐོར་བྱེད་འགོ་ཚུགས་པ་རེད།
ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་ཀའོ་ལི་ཡིས། ད་རེས་ཀྱི་ཚོད་སྐོར་གྱི་ཚད་གཞི་དེ་བས་ནན་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་ཁྱོན་ཡོངས་ལ་ཁྱབ་པ། སྟོན་གྲངས་ཆེ་རུ་སོང་བ་བཅས་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་ལ་ད་རེས་ཀྱི་ཚོད་སྐོར་གྱི་ཚད་གཞི་ལོན་པ་དེས་ཀྲུང་གོར་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་བརྟན་པོ་ཞིག་ཡོད་པ་མཚོན་ཐུབ་པས་ཀྲུང་གོར་ཐོན་སྐྱེད་དང་། ནང་འདྲེན། འཁོར་རྒྱུག་བཅས་ཐུབ་པའི་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་ཚོད་འཛིན་ཐུབ་པ་དང་། བདེ་འཇགས་ལྡན་པ། ཕན་ནུས་ལྡན་པ་བཅས་ཡིན་པའི་འགན་ལེན་བྱེད་ཐུབ་ཅེས་བཤད་པ་རེད།