འདི་ནི་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱལ་ནས་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བའི་གནས་ཚུལ་ཡིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཆུ་ཚོད་1དང་སྐར་མ་37ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མི་ཤུགས་འཕུར་མདའ་ཅ་པ་སྤྱད་དེ་རྒྱང་ཚོར་རྟགས་ཅན་ཨང་སོ་ལྔ་པའི་སྲུང་སྐར་ཚོ་པ་04མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་5ཚེས་5ཉིན་ནས་ད་བར་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་བསྟུད་མར་ཐེངས་103འཕེན་གཏོང་ལེགས་སྒྲུབ་བྱུང་བའི་ཟིན་ཐོ་བཏོད་ཅིང་། ཟིན་ཐོ་དེར་ལོ་2དང་ཟླ་3ལས་འགོར་མེད། ཆ་སྙོམས་ཉིན་བརྒྱད་ལ་འཕེན་གཏོང་ལས་འགན་རེ་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་ཉིན་གཅིག་ནང་འཕེན་གཏོང་ཐེངས་གཉིས་བསྟུད་མར་ལེགས་གྲུབ་བྱུང་བའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
བསྟུད་མར་ཐེངས་103བདེ་བླག་ངང་འཕེན་གཏོང་བྱེད་རིང་། རྒྱང་སྐྱོད་མེ་ཤུགས་འཕུར་མདས་སྔ་རྗེས་སུ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་དང་། མཁའ་འདྲི་ཚོད་ལྟ་ཁང་། ཟླ་བའི་ལྷ་མོ་རྟགས་ཅན་ཨང་ལྔ་པའི་ཟླ་བ་གོ་ལའི་འཚོལ་ཆས། མཁའ་འདྲི་ཨང་དང་པོའི་སྐར་མ་མིག་དམར་གྱི་འཚོལ་ཆས། ལྷ་གྲུ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ། མཁའ་གྲུ་རྟགས་ཅན་གྱི་ཟོག་འདྲེན་འཕུར་གྲུ། བྱང་སྐར་ཨང་གསུམ་པ་རྟགས་ཅན་གྱི་ཕྱོགས་སྟོན་སྲུང་སྐར་སོགས་ཚུད་པའི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་200ལྷག་ཙམ་བདེ་འཇགས་ངང་བར་སྣང་དུ་འཕེན་གཏོང་བྱས་པ་དང་། རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་རྒྱང་ཚོར་མེ་ཤུགས་འཕུར་མདའ་གཉིས་པས་མེ་ཤུགས་འཕུར་མདའ་གཏོང་ཐེངས་གཅིག་ལ་སྲུང་སྐར་22བདེ་བླག་ངང་འཕེན་གཏོང་ཐུབ་ནས་རང་རྒྱལ་གྱི་འཕུར་མདའ་གཅིག་གིས་སྲུང་སྐར་མང་པོ་འཕེན་པའི་ཚད་གཞི་གསར་པ་བཏོད་པ། རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་Bའཕུར་མདའ་དང་། རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་ལེགས་གཏོང་འཕུར་མདའ། རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་སོགས་ཨང་རྟགས་གསར་པ་བདེ་བླག་ངང་འཕེན་གཏོང་ཐུབ་པ་དེ་ཐོག་ནས་རྒྱང་སྐྱོད་མེ་ཤུགས་འཕུར་མདའི་ལེགས་གྲུབ་བྱུང་ཚད་མཐོ་བ་དང་། བློས་འགེལ་ཆོག་པ། འཁོར་ལམ་ཐོག་གནད་ལ་འཁེལ་པོས་སྐྱེལ་ཐུབ་པ། ལས་ཕྱོད་ཆེ་བ་བཅས་མངོན་གྱི་ཡོད།