ཀན་སུའུ་སྨན་བཅོས་རུ་ཁག
ཟླ་8ཚེས་13ཉིན་གྱི་ཐོ་རེངས་ཆུ་ཚོད་6པར། བོད་ལ་རོགས་སྐྱོར་བྱེད་མཁན་ཀན་སུའུ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ནད་ཡམས་རིག་པའི་བརྟག་དཔྱད་རུ་ཁག་བོད་ལ་རོགས་སྐྱོར་བྱེད་པར་རྡོག་ཐོན་བྱས་པ་རེད།
རུ་མི་10ལས་གྲུབ་པའི་བརྟག་དཔྱད་རུ་ཁག་བོད་དུ་ཡོང་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་འདོམས་འོག་ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་སྤེལ་རྒྱུ་རེད།
ཧྲང་ཧའེ་སྨན་བཅོས་རུ་ཁག
ཧྲང་ཧའེ་ནས་ཡོང་བའི་སྨན་བཅོས་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ཚོགས་ཆུང་ཟླ་8ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ལྔ་བཅུ་ཙམ་ལ་གནམ་གྲུར་བཞུགས་ནས་ལྷ་སར་འབྱོར་བ་རེད།
རྗེས་སོར་ཁོང་ཚོས་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ཀྱི་ལས་དོན་ནང་ཞུགས་ཏེ། ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་རེད།
ཀོང་ཏུང་སྨན་བཅོས་རུ་ཁག
ཟླ་8ཚེས་12ཉིན་གྱི་ཕྱི་དྲོ། བོད་ཀྱིས་རིམས་ནད་སྔོན་འགོག་བྱེད་པར་རོགས་སྐྱོར་བྱེད་མཁན་ཀོང་ཏུང་སྨན་བཅོས་རུ་ཁག་ཉིང་ཁྲིར་འབྱོར་ཞིང་། ཁྱོན་སྨན་དོན་མི་སྣ་12ཡོད་པའི་ནང་སྨན་ཁང་གི་འགོ་ནད་དོ་དམ་དང་ཕྲུ་གུ་དམར་འབྱར་གྱི་ནད་གཞི་ལྕི་རིགས་ལྟ་སྐྱོང་སོགས་ཀྱི་ཚན་ཁག་མང་པོ་ཚུད་པ་མ་ཟད་དེའི་ནང་གི་མི་ཕལ་ཆེ་བ་དེ་སྔོན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་རིམས་ནད་འགོག་བཅོས་ལས་དོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཞུགས་མྱོང་བས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་རེད།
རྗེས་སོར། སྨན་བཅོས་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུ་རེད།
ཅང་སུའུ་སྨན་བཅོས་རུ་ཁག
ཟླ་8ཚེས་11ཉིན་གྱི་མཚན་མོར། ཅང་སུའུ་ཡི་བོད་སྐྱོར་རིམས་འགོག་སྨན་བཅོས་རུ་ཁག་ལྷ་སར་འབྱོར་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཡོང་བའི་ཅང་སུའུ་ཡི་བོད་སྐྱོར་རིམས་འགོག་སྨན་བཅོས་རུ་ཁག་ལ་ཁྱོན་རུ་མི་207ཡོད་པའི་ནང་མ་དཔེ་བསྡུ་ལེན་དང་། ཉིང་སྐྱུར་བརྟག་དཔྱད། ནད་ཡམས་རིག་པའི་བརྟག་དཔྱད། སྨན་བཅོས་སྐྱོབ་བཅོས། སྨན་ཁང་གི་འགོ་ནད་དོ་དམ། དེ་བཞིན་སྒྲིག་ཆས་འགན་ལེན་སོགས་ཚུད་ཡོད་པ་རེད།
“ཅང་སུའུ་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པས། བོད་འདི་ཉིད་རིམས་ནད་ལས་རྣམ་པར་རྒྱལ་ཆེད་ང་ཚོས་ནུས་ཤུགས་ཡོད་རྒུས་ཅང་སུའུ་ཡི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་སྨན་བཅོས་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།
ཅི་ལིན་སྨན་བཅོས་རུ་ཁག
ཟླ་8ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར། ཅི་ལིན་ཞིང་ཆེན་གྱི་རིམས་འགོག་སྨན་བཅོས་རུ་ཁག་གཞིས་རྩེར་འབྱོར་ཞིང་། སྨན་བཅོས་ཚོགས་པའི་ནང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་ཚོགས་པའི་མི་4དང་ནད་གཞི་ལྕི་རིགས་སྐྱོབ་བཅོས་རིགས་གཅིག་མཁས་ཅན་ཚོགས་པའི་མི་10ཡོད་ཅིང་། ཁོང་ཚོས་གཞིས་རྩེ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་གཞི་ལྕི་རིགས་སྐྱོབ་བཅོས་ལས་དོན་སྤེལ་རྒྱུ་རེད།
ཧར་པིན་གསོ་རིག་སློབ་ཆེན་གྱི་སྨན་ཁང་དང་པོ།
ཟླ་8ཚེས་9ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16ཙམ་ལ། ཧེ་ལུང་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བཀོད་སྒྲིག་ལྟར། ཧར་པིན་གསོ་རིག་སློབ་ཆེན་གྱི་སྨན་ཁང་དང་པོས་རིམས་འགོག་སྨན་བཅོས་རུ་ཁག་གཞིས་རྩེ་གྲོང་ཁྱེར་དུ་མངགས་ནས། ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཏོག་གསར་གློ་ཚད་ཕོག་མཁན་སྐྱོབ་བཅོས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་རེད།
ཧྲན་ཏུང་སྨན་བཅོས་རུ་ཁག
ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ལྟེ་གནས་དོ་དམ་ཚོགས་ཆུང་གི་མཐུན་སྦྱོར་ཧུར་ཐག་འོག ཟླ་8ཚེས་9ཉིན་གྱི་ཕྱི་དྲོ་ཧྲན་ཏུང་ཞིང་ཆེན་གྱི་རིམས་འགོག་སྨན་བཅོས་རུ་ཁག་གཞིས་རྩེར་བསྐྱོད་པ་རེད།