འཕོ་འགྱུར་ཆེ་བའི་གངས་ལྗོངས། སྤྱིར་བཏང་མིན་པའི་ལོ་བཅུ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ། སྐུ་ངོ་མས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་འཐབ་འགོད་ཇུས་འདོན་གནང་བ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོག་རྒྱུའི་ཇུས་འགོད་དང་བཀོད་སྒྲིག་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་སྟེ། 2016ལོ་ནས་བཟུང་། ཞིང་འབྲོག་པ་ཁྲི་26ལྷག་ཙམ་རི་མཐོ་གཡང་གཟར་དང་གྲང་ངར་ཆེ་བའི་ས་ཆ་ནས་ལུང་གཞུང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོས་པས་བདེ་སྡོད་ལས་བརྩོན་བྱུང་བ་དང་། 2019ལོའི་ལོ་མཇུག་ཏུ་བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ། 2021ལོའི་ཟླ་6པར་དུས་ཡུན་ལོ་6འཛུགས་སྐྲུན་བྱས་པའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་ཀྱི་གློག་རླངས་ལྕགས་ལམ་ཐོག་མའི་སྟེང་བྱ་འཕུར་བ་ལྟར་བསྐྱོད་པ་ལ་སོགས་རེད།
2021ལོའི་ཟླ་7པར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གངས་ལྗོངས་ས་མཐོར་ཕེབས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། བོད་དུ་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བཅས་བྱས་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
མཐའ་མཚམས་འཛུགས་སྐྲུན་ལ་ཤུཌ་སྣོན་བརྒྱབ་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན།
ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། 2017ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་སྤྲིངས་པའི་འཕྲིན་ལན་ནང་། “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་གཞིས་ཡོད། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་ལ་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།
“གཞུང་ལམ་ཐོག་མར་ཤར་གཏོང་ཐུབ་སྐབས་མི་རྣམས་ཀྱིས་རླངས་འཁོར་ལ་ཁ་བཏགས་གཡོགས་པ་ད་ལྟའང་གསལ་པོར་དྲན་གྱི་འདུག ད་ཆ་ཡུལ་སྨད་ལ་འགྱུར་ལྡོག་དེ་བས་ཆེ་བ་དང་དེ་བས་མགྱོགས་པོ་འགྲོ་བཞིན་ཡོད”ཅེས་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་དང་། ཡུལ་སྨད་ཤང་ལ་ད་ཆ་དུད་ཚང་67དང་མི་གྲངས་200ལྷག་ཙམ་དང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་ཅིང་། ན་ནིང་ཤང་ཡོངས་ཀྱི་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་ཡོད།
རང་བྱུང་གི་ཆ་རྐྱེན་བཟང་པོར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་རོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་དབུལ་སྒྲོལ་ཐུབ་རྗེས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཡུལ་སྐོར་དང་ཇ་ལོ་འདེབས་འཛུགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བ་རེད། མག་མག་མོན་པ་མི་རིགས་ཤང་གི་པད་མ་སྒྲོལ་མས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་བཞིན་ཡོད་པ་དང་ན་ནིང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད། “དང་ཐོག་ཁྱིམ་ཚང་མགྲོན་ཁང་འཛུགས་པ་དང་ཡུལ་སྐོར་ལས་རིགས་གཉེར་བར་རྒྱུས་མངའ་སྤུ་ཙམ་ཡང་མེད། འོན་ཀྱང་སྲིད་གཞུང་གི་ལས་དོན་མི་སྣས་ང་ལ་རེ་རེ་བཞིན་བསླབས་བྱུང”ཞེས་བཤད་པ་དང་། གཙང་སྦྲ་འཕྲོད་བསྟེན་ནས་དྲ་ཐོག་བྲིན་ཚོང་བར་པད་མ་སྒྲོལ་མས་རྨང་གཞིའི་ཤེས་བྱ་ནས་སློབ་སྦྱོང་བྱས་པས། ད་ཆ་ལས་སྒོ་བྱང་ཆུབ་པའི་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཅིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་མཐའ་མཚམས་རྫོང་གི་ཐེམ་ཐོ་ཡོད་པའི་མི་འབོར་བརྟན་པོའི་ངང་འཕར་བ་དང་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་206ཚང་མ་སྐྲུན་འགོ་ཚུགས་ཡོད། ན་ནིང་ལོ་མཇུག་བར་བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་རྫོང་21གི་གནས་གཏན་འཁེལ་གྱི་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ནས་བོད་ཀྱི་མཐའ་མཚམས་འཕེལ་རྒྱས་དང་བརྟན་ལྷིང་དུས་མཚམས་གསར་པར་སླེབས་ཡོད་པ་རེད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ།
ལོ་58ལ་སླེབས་པའི་ལྷ་ཆེན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་འབྲོག་པ་ཞིག་ཡིན་པ་དང་། ད་ཆ་ས་གནས་དེ་གའི་འབྲི་གཡག་གསོ་ཚགས་ཀུང་སི་ཞིག་གི་ལས་མིར་གྱུར་ནས་ཀུང་སིའི་འབྲི་གཡག་ལ་གཟན་རྩྭ་སྟེར་བའི་འགན་འཁུར་གྱི་ཡོད་པ་མ་ཟད། ད་དུང་འབྲི་གཡག་གི་ནད་ཡམས་སྔོན་འགོག་ལས་དོན་ཡང་ཡག་པོ་སྒྲུབ་བཞིན་ཡོད། ཀུང་སི་དེའི་འགན་འཁུར་བ་ཨོ་རྒྱན་ཚེ་རིང་གིས་ཐོན་ལས་ཅན་གྱི་འབྲི་གཡག་གསོ་ཚགས་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཆེད། ཀུང་སིས་སྲོལ་རྒྱུན་གྱི་ཕྱུགས་འཚོ་དང་ཚན་རིག་དང་མཐུན་པའི་ཕྱུགས་གསོ་ཟུང་འབྲེལ་བྱེད་རྒྱུ་འཚོལ་ཞིབ་བྱས་པ་མ་ཟད། ད་དུང་འོ་མ་དང་ཚགས་ཤ་ཉོ་སྒྲུབ་དང་། རྒྱུད་བཟང་ཁྱབ་གདལ་གཏོང་ཐབས་བརྒྱུད་མཉམ་ལས་ཁང་49དང་འབྲོག་དུད་2138ལ་སྐུལ་ཁྲིད་བྱས་ནས་2020ལོར་སླེབས་སྐབས་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ཙམ་བྱུང་བ་དང་མི་གྲངས་150ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འདི་ལོ་ལོ་73ལ་སླེབས་པའི་ཕུན་ཚོགས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་མི་ཡིན་ལ། དྲ་ཐོག་མིང་ཅན་གྱི་ཁྱིམ་ཚང་མགྲོན་ཁང་ཞིག་གི་སྦྱིན་བདག་ཀྱང་རེད། “འདི་ལོ་མཛེས་བཟོ་བྱས་རྗེས། ཧ་ལམ་ཉིན་ལྟར་ཡུལ་སྐོར་བས་ཁེངས་ངེས་རེད”ཅེས་ཕུན་ཚོགས་ཀྱིས་བཤད། བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་མི་80%ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཙམ་ཟིན་གྱི་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱས་པ།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཞིང་། “ཅུས་དང་། ཡན་ལག་ཅུས། ས་ཚིགས། གནས”བཅས་རིམ་བཞིའི་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་ནས་དྲ་མིག་ཅན་གྱི་སྲུང་སྐྱོང་ཁྱབ་གདལ་བཏང་སྟེ་དོ་དམ་ས་ཚིགས་73བཙུགས་པ་དང་ཞིང་འབྲོག་པ་780ལས་གྲུབ་པའི་ཆེད་ལས་དོ་དམ་སྲུང་སྐྱོང་དཔུང་ཁག་བཙུགས་ནས་སྲུང་སྐྱོང་ཁུལ་གྱི་དོ་དམ་ནན་པོ་མེད་པ་ནས་དོ་དམ་ནན་པོ་དང་། སྒོ་དབྱེ་རྣམ་པའི་དོ་དམ་ནས་བཀག་འདོམས་རྣམ་པའི་དོ་དམ་དང་དེ་བཞིན་ཆེད་ལས་དོ་དམ་པ་དེ་ཞིང་འབྲོག་པ་དཀྱུས་མ་ནས་སྐྱེ་ཁམས་སྲུང་དམག་བར་གྱི་འགྱུར་ལྡོག་ཆེན་པོ་གསུམ་བྱུང་ཡོད།
ད་ཆ་རང་བྱུང་སྲུང་སྐྱོང་ཁུལ་བྱེད་པོར་བྱེད་པའི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་མ་ལག་རིམ་བཞིན་ཆགས་པ་དང་། བོད་ཀྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་80%ཡན་དང་དཔེ་མཚོན་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ནང་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་ཟིན་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་གྱིས་བཟུང་བའི་བསྡུར་གྲངས་100%ཟིན་པ། དཔེ་སྟོན་རྫོང་དང་ཆུས་ཀྱིས་བཟུང་བའི་བསྡུར་གྲངས་20%ཡན་ཟིན་པ་བཅས་ལས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།