དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་བོད་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-16

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ལྗང་མདོག་བཟོ་ལས་དང་མཐོ་གསར་གྲངས་འཛིན་ཐོན་ལས་ཆེད་དོན་ཚོགས་ཆུང་གི་དུས་ཚིགས་གསུམ་པའི་ཆེད་དོན་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་86.44ཟིན་ནས་16.9%འཕར་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ལོ་སྟོད་དུ་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལྗང་མདོག་བཟོ་ལས་དང་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་ལོ་འཁོར་གྱི་ལས་ཀའི་འཆར་གཞི་དང་ལོ་ལྔའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་། ལྗང་མདོག་བཟོ་ལས་ཀྱི་ཐོན་ལས་བདུན་གྱི་བྱ་སྤྱོད་ཇུས་གཞི་རྩོམ་སྒྲིག་པར་འགྲེམས་བྱས་པ། རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་བཏོན་པ། ལྗང་མདོག་བཟོ་ལས་ཐོན་ལས་དང་མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྗང་མདོག་བཟོ་ལས་ཐད། རང་ལྗོངས་ཀྱི་གཏེར་འདོན་ལས་རིགས་ཀྱི་སྤུས་ཚད་མཐོར་གཏོང་དང་ནུས་པ་ཆེར་གཏོང་དང་ལྗང་མདོག་གསར་གཏོད་འཕེལ་རྒྱས་ཐད་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་100.1ཟིན་ནས་50.9%འཕར་བ་དང་། ཨར་སྐྲུན་རྒྱུ་ཆའི་ལས་རིགས་གཞན་སྒྱུར་རིམ་སྤོར་དང་ལྗང་མདོག་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཨར་འདམ་ཐོན་ཚད་ཏུན་ཁྲི་445ཟིན་ནས་3.96%འཕར་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་དེ་གཞི་ཁྱོན་ཅན་དང་། ཁྱད་ལྡན་ཅན། སྤུས་རྟགས་ཅན། གྲངས་གཞི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9ཟིན་ནས་16%འཕར་བ། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་སྤུས་མཐོ་ནུས་ཆེ་བྱུང་ནས་གཞི་ཁྱོན་ཡན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་13.3ཟིན་ནས་36%འཕར་བ། མི་རིགས་ལག་ཤེས་བཟོ་ལས་ཆེད་ལས་ཅན་དང་ཁྲོམ་ར་ཅན་དུ་འཕེལ་རྒྱས་འགྲོ་བར་གཞི་ཁྱོན་ཡན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་0.43ཟིན་ནས་68.5%འཕར་བ། མཐོ་གསར་ལག་རྩལ་བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་གློག་རྡུལ་ཆ་འཕྲིན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་དུས་མཚུངས་ལས་100%འཕར་ཡོད།

    མཐོ་གསར་གྲངས་འཛིན་ཐོན་ལས་ཐད། རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་122.95ཟིན་ནས་16.6%འཕར་ཡོད། རིག་ལྡན་ཞིང་ལས་དང་། ལྗང་མདོག་བཟོ་ལས། རིག་ལྡན་ཡུལ་སྐོར། རིག་ལྡན་གྲོང་ཁྱེར་སོགས་ཐོན་ལས་ཀྱི་གྲངས་གཞི་ཅན་གྱི་གཞན་སྒྱུར་དཔེ་སྟོན་རྣམ་གྲངས་ཁག་30ཡི་ནང་གི་13བསྐྲུན་པ་དང་། 5Gབཀོལ་སྤྱོད་ཚོད་ལྟའི་རྣམ་གྲངས་24སྐྱེད་སྲིང་བྱས་པའི་ནང་གཏེར་འདོན་ལས་རིགས་ལ་5Gམི་མེད་གཏེར་འདོན་རླངས་འཁོར་རང་འགུལ་ངང་གཏོང་བ་དང་། སྨན་ཁང་ཁག་གཅིག་ལ་5Gརྒྱང་འཁྲིད་གཤགས་བཅོས་བྱེད་པ། གཞི་ཁྱོན་ཡན་གྱི་ལག་ཐོག་ཁ་པར་སྤྱད་ནས་ཁེ་ལས་གཉེར་སྐྱོང་དོ་དམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་4མང་དུ་བཏང་བ་དང་རིམ་རྩིས་བྱས་ན་17མང་དུ་ཕྱིན་ཡོད། གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་11ཟིན་པ། ལྗོངས་ཡོངས་སུ་ཁྱོན་5Gསྦྲེལ་ཚུགས་7598བསྐྲུན་པ། ལྷ་སའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ཕྱིར་གཏོང་ནང་འདྲེན་ཅུས་དངོས་སུ་སྤྱོད་འགོ་ཚུགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།