དབུ་ཤོག>གསར་འགྱུར།
  • སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-13

    འགན་འཁྲི་དོན་འཁྱོལ་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འགན་ལེན་བྱེད་དགོས།

    ཚེ་སྲོག་རིན་ཆེན་གསེར་ལས་ལྷག རིམས་ནད་ནི་བཀའ་རྒྱ་དང་འགོག་ཟོན་ནི་འགན་འཁྲི་ཡིན། ད་རེས་ཀྱི་རིམས་ནད་ཀྱིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འགྲན་སློང་ཆེན་པོ་འཕྲད་པ་དང་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་ཉན།

    རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ཨུད་ཀྱི་གཅིག་གྱུར་བླང་བྱ་གཞིར་བཟུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་མིག་སྔའི་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། དམག་འཐབ་ཆེན་པོ་དང་དྲག་པོ་རྒྱག་པའི་འཕྲལ་སྡོམ་གྱི་དུས་བབ་ནང་ཕྱོགས་ཡོངས་ནས་ཞུགས་ཏེ་ཆོད་སེམས་བརྟན་པོ་དང་། མྱུར་པོ། གཞོགས་འདེགས་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བཅས་བྱེད་པ་དང་། གཏོགས་ཁོངས་ཀྱི་འགན་འཁྲི་དང་། སྡེ་ཚན་གྱི་འགན་འཁྲི  ཚན་པའི་འགན་འཁྲི མི་སྒེར་གྱི་འགན་འཁྲི་བཅས་ནན་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་མཐའ་གཅིག་ཏུ་བྱེད་དགོས།

    མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་ཚེ་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་དྲ་བ་གཞི་ནས་ཚགས་དམ་དུ་གཏོང་ཐུབ། ལས་ཁུངས་ཁག་དང་ཁེ་ལས་དང་བྱ་གཞག་ཚན་པས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཡོད་པ་ལྔའི”བླང་བྱ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་ཞིང་གནད་སྨིན་ནུས་ཆེའི་ཐད་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། མི་འདང་ས་དང་སྐྱོན་ཆ་ཡང་དག་འཚོལ་ཞིབ། ཞན་ཆ་གང་མགྱོགས་སེལ་བ་བཅས་བྱས་ཏེ་རིམས་ནད་ཕྱི་ནས་མི་འགོ་བ་དང་། ནང་དུ་བསྐྱར་ལོག་མི་ཡོང་བ། ཕྱི་ལ་མི་མཆེད་པ་བཅས་ལ་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱེད་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འཐབ་ས་དང་པོར་བསྐྱོད་པ་དང་། སྔོན་ཚུད་བཀོད་འདོམས། ཞུམ་མེད་མདུན་སྐྱོད། མིག་དཔེ་འདོན་པ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནུས་ལྡན་མ་འཁུར་པ་དང་། ལས་དོན་ལ་གོ་རིམ་མེད་པ། འཕེལ་རིམ་འགོར་བ་བཅས་ཀྱི་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མ་འགོག་སྲུང་འཛིང་རགས་རེད། མི་ཚང་མས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུ་བ་དང་གཞོགས་འདེགས་ཧུར་ཐག་བྱེད་པ། བླང་བྱ་གཞིར་བཟུང་ཉིང་སྐྱུར་བརྟག་དཔྱད་བྱེད་པ། བདེ་ཐང་གནས་ཚུལ་དང་གང་དུ་ཕྱིན་མིན་སྙན་སེང་ཞུ་བ་བཅས་བྱེད་དགོས། གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་འཇགས་པར་བྱས་ཏེ་ལག་པ་ཡང་སེ་འཁྲུ་བ་དང་། རླུང་འགྲོ་ཡག་པོ་ཐུབ་པར་བྱེད་པ། ཕྱི་ལ་འགྲོ་སྐབས་ཁ་རས་རྒྱག་པ། འདུ་འཛོམས་མི་བྱེད་པ། བདེ་འཇགས་ལྡན་པའི་འབྲེལ་འདྲིས་ཀྱི་བར་ཐག་འཇོག་པ་བཅས་བྱེད་དགོས། གལ་ཏེ་ང་ཚོ་ཚང་མས་རིམས་འགོག་ཡག་པོ་བྱས་ཏེ་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཚེ་དུས་ཚོད་ཐུང་ཤོས་དང་རིན་དོད་ཆུང་ཤོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་དང་དྲག་པོ་འདིའི་རྒྱལ་ཁ་ལེན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།