དབུ་ཤོག>གསར་འགྱུར།
  • “ཡུལ་གཞན་དུ་ཕུགས་འདུན་དོན་གཉེར་བྱེད་པར་འབད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-09

    ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་ལ། སྤྱི་ཚོགས་བརྟན་ལྷིང་གི་འགན་ལེན་གལ་ཆེན་ཡང་ཡིན། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་འདུ་འགོད་ཆེ་ཤོས་དང་དམངས་སེམས་འདུ་འགོད་ལ་བརྩིས་ཏེ་ཕྱོགས་ཡོངས་ནས་སྐུལ་སློང་དང་སྐུལ་འདེད་ཤུགས་ཆེན་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་དུ་བཅའ་སྡོད་མངའ་རིས་ས་ཁུལ་གྱི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་ཀྱིས་ལས་ཞུགས་བོད་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། ལས་ཞུགས་བོད་སྐྱོར་ལས་དོན་ཏན་ཏིག་སྤེལ་བ་དང་འབྲེལ་ལས་ཞུགས་ཆ་འཕྲིན་བསྡུ་རུབ་དང་། ལེགས་སྒྲིག ཡོངས་བསྒྲགས་བཅས་བྱས་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧྲའན་ཤིས་དང་ཧོ་པེ་ས་གནས་གཉིས་སུ་ལས་ཞུགས་ཐུབ་པའི་མཐུན་སྦྱོར་འབྲེལ་མཐུད་དང་རྗེས་མཐུད་རྗེས་སྙེག་དོ་དམ་ཞབས་ཞུ་ཡག་པོ་བསྒྲུབས་པས། མངའ་རིས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་ཞིང་ཆེན་དེ་གཉིས་སུ་སྤུས་ཚད་མཐོ་ཞིང་ཡུན་རིང་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    མཚོ་ཆེན་རྫོང་ནས་ཡིན་པའི་བཀྲ་ཤིས་མཚོ་མོ་ད་ཆ་ཧྲའན་ཤིས་ཞིང་ཆེན་ཝུའེ་ནན་གྲོང་ཁྱེར་ཧན་གྲོང་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་དུ་ལས་ཀ་བྱེད་ཀྱི་ཡོད། བཀྲ་ཤིས་མཚོ་མོ་2018ལོར་བོད་ལྗོངས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་སློབ་གྲྭ་ཐོན་རྗེས་ཁོང་གིས་ལས་ཀ་མང་པོ་ཞིག་བཙལ་རུང་། བློ་ཡིད་ཚིམ་པའི་ལས་ཀ་ཞིག་རྙེད་མེད། རྗེས་སུ་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ལྗོངས་ཕྱིའི་ལས་ཞུགས་སྐོར་གྱི་གནས་ཚུལ་མཐོང་སྐབས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཡིག་རྒྱུགས་ནང་ཞུགས་པ་རེད།

    “ཧྲའན་ཤིས་ཞིང་ཆེན་གྱི་ལྗོངས་ཕྱིའི་ལས་ཞུགས་ཡིག་རྒྱུགས་ལམ་ལྷོངས་བྱུང་བ་ཤེས་རྗེས་ཧ་ཅང་དགའ་པོ་བྱུང་ལ་ཕ་མས་ཀྱང་ང་ལྗོངས་ཕྱིར་ལས་ཀ་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་པས་བློ་བདེ་པོ་བྱུང”ཞེས་བཀྲ་ཤིས་མཚོ་མོས་བཤད།

    བཀྲ་ཤིས་མཚོ་མོ་2020ལོའི་ཟླ་12པར་ཧྲའན་ཤིས་ཞིང་ཆེན་ཝུའེ་ནན་གྲོང་ཁྱེར་ཧན་གྲོང་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་དུ་དངོས་སུ་ལས་ཀ་བྱས་ཤིང་། བོད་ནས་ཁ་བྲལ་ཐེངས་དང་པོ་ཡིན་པས་ཉེ་འགྲམ་གྱི་བྱ་དངོས་མཐའ་དག་རྒྱུས་མངའ་མེད་པ་ཤ་སྟག་རེད། ལས་ཞུགས་བྱས་མ་ཐག་ལས་ཀ་དང་འཚོ་བའི་ཐད་དཀའ་ངལ་འཕྲད་རུང་། ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་དང་ཚན་པའི་འགོ་ཁྲིད་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག་མགྱོགས་མྱུར་ལས་ཀའི་ཁོར་ཡུག་གསར་པར་གོམས་ཡོད།

    བཀྲ་ཤིས་མཚོ་མོ་དང་འདྲ་བར་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ད་དུང་མང་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་བཟུང་ཧྲའན་ཤིས་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་105ལ་སྲིད་འཛིན་ལས་གནས་33དང་བྱ་གཞག་ལས་གནས་72མཁོ་འདོན་བྱས་ཡོད།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་གཡང་གྲུབ་2020ལོའི་ཟླ་10པར་ཧོ་པེ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་འཆར་གཞིའི་ཡིག་རྒྱུགས་ནང་ཞུགས་པ་མ་ཟད། མིག་སྔར་ཧོ་པེ་ཞིང་ཆེན་ས་གཤིས་ཚོད་ལྟ་ཚད་ལེན་ལྟེ་གནས་སུ་ལས་ཀ་བྱེད་བཞིན་ཡོད།

    གཡང་གྲུབ་ཀྱིས་སློབ་ཆེན་དུ་རྫས་འགྱུར་ཆེད་ལས་སྦྱངས་པ་དང་ལྗོངས་ནང་ཁུལ་དུ་ཆེད་ལས་དང་མཐུན་པའི་ལས་གནས་མང་པོ་མེད་པའི་ཁར་སྐབས་ཤིག་རིང་ལས་ཀ་འཚམ་པོ་ཞིག་མ་རྙེད་པས་སེམས་ཁྲལ་ཆེན་པོ་བྱུང་། ཕྱིས་སུ་གཡང་གྲུབ་ཀྱིས་ཧོ་པེ་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་ཡོངས་བསྒྲགས་ཆ་འཕྲིན་ནང་ནས་ཧོ་པེ་ཞིང་ཆེན་ས་གཤིས་ཚོད་ལྟ་ཚད་ལེན་ལྟེ་གནས་ཀྱིས་རྫས་འགྱུར་ཆེད་ལས་ཀྱི་ལག་རྩལ་མི་སྣ་བསྡུ་བཞིན་ཡོད་པ་མཐོང་། སློབ་གྲྭར་འགྲོ་རིང་རྫས་འགྱུར་གྱི་ཚོད་ལྟ་སྣ་ཚོགས་བྱེད་པར་དགའ་བའི་ཁོང་གིས་དགའ་མོས་ལྟར་ཡིག་རྒྱུགས་ནང་ཞུགས་པ་རྒྱུགས་འཕྲོད་པ་རེད།

    “འདི་གར་ལས་ཀ་བྱས་རྗེས་འགོ་ཁྲིད་དང་ལས་རོགས་ཚོས་ང་ལ་རོགས་རམ་མང་པོ་བྱས་བྱུང་ལ་ལས་ཀའི་ཐད་ཧ་མ་གོ་བའི་གནད་དོན་ཡང་མང་པོ་ཐོན་གྱི་འདུག་པས། ཁོང་ཚོས་ངང་རྒྱུད་རིང་པོས་ང་ལ་འགྲེལ་བཤད་རྒྱག་གི་འདུག ལས་ཀའི་ཞོར་དུ་ཚང་མས་ང་ལན་ཆིའུ་སྤོ་ལོ་རྒྱག་པ་དང་གློག་བརྙན་བལྟ་བར་ཁྲིད་བྱུང” གཡང་གྲུབ་ཀྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར“དུས་ཆེན་དང་གུང་གསེང་རིང་ལས་རོགས་དང་གྲོགས་པོས་རྟག་ཏུ་ང་ཁོང་ཚོའི་ཁྱིམ་དུ་མགྲོན་པོར་འབོད་ཀྱི་ཡོད་པས། གཉེན་ཉེ་འགྲམ་དུ་མེད་ཀྱང་དྲོ་སྐྱིད་ཚོར་གྱི་འདུག”ཅེས་བཤད།

    ལས་རོགས་ཀྱི་སེམས་ཁུར་ཕུད། མངའ་རིས་ས་ཁུལ་ཧོ་པེ་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་ཀྱིས་ཀྱང་དུས་བཀག་ལྟར་གཡང་གྲུབ་དང་འདྲ་བར་ཧོ་པེར་ལས་ཞུགས་བྱེད་པའི་བོད་ནས་ཡིན་པའི་ལས་དོན་མི་སྣར་འཚམས་འདྲི་བྱེད་ཀྱི་ཡོད་ཅིང་། ཁོང་ཚོའི་ཡོང་འབབ་དང་། ལས་དོན། འཚོ་བ་སོགས་ཀྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ་དོགས་གཞི་སྣ་ཚོགས་ལ་ལན་འདེབས་ཀྱི་ཡོད། “མི་གཅིག་ལ་ཡིག་ཚགས་གཅིག”གི་དོ་དམ་ལམ་ལུགས་བཙུགས་ནས་ལས་ཞུགས་བོད་སྐྱོར་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཡོང་བའི་ཡིད་ཆེས་ཆེ་རུ་གཏོང་གི་ཡོད།

    འདི་ལོའི་ཟླ་5ཚེས་6ཉིན་མངའ་རིས་ས་ཁུལ་ཧོ་པེ་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་ཀྱིས་ཧོ་པེར་ཡོད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་སློབ་མ་ཚང་མ་སྒྲིག་འཛུགས་བྱས་ནས“བརྩེ་སེམས་ལ་བརྟེན་ནས་སྤེལ་རེས་དང་། བརྩེ་སེམས་ལ་བརྟེན་ནས་རོགས་སྐྱོར་བྱེད་པའི”སྤྲིན་ཚོམ་ལྗོངས་ཕྱིའི་ལས་ཞུགས་བརྟན་པོ་ཡོང་བའི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ཁོང་ཚོར་ལྗོངས་ཕྱིའི་ལས་ཞུགས་ཐད་ངོས་འཛིན་གསར་པ་བྱུང་བ་དང་། རང་ཉིད་ཀྱི་འབྱུང་འགྱུར་ལ་དེ་བས་ཁ་གསལ་གྱི་དམིགས་ཚད་ཡོད་ལ་ཞབས་ཞུའི་ས་ཚིགས་ཀྱི་དྲོ་སྐྱིད་ཀྱང་གང་ལེགས་ཚོར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།