དབུ་ཤོག>གསར་འགྱུར།
  • ཆིང་ཏའོ་ཡིས་དབྱར་སྒར་བྱེད་སྒོ་གཉེར་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་ལ་རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-08-09

    ཟླ་8པའི་ཟླ་འགོར་ཆིང་ཏའོ་རུ་མཚོ་རླུང་ལྡང་ཡང་ཚ་བ་ཆེ་དྲགས་པས་ཉོབ་མདངས་ཤིན་ཏུ་ཆེ། བོད་ནས་ཡོང་བའི་བསྟན་འཛིན་རྣམ་རྒྱལ་གྱི་ངོས་ནས་བརྗོད་ན། དེ་ནི་སྣང་བ་གཏོང་རིན་ཡོད་པ་ཞིག་མིན་ཏེ། སློབ་ཕྲུག་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་འཁྲུག་པོ་ཞིག་རྒྱག་པར་བྲེལ།

    མིག་སྔར་བསྟན་འཛིན་རྣམ་རྒྱལ་དང་དེ་མིན་གཞིས་རྩེ་ནས་ཡོང་བའི་སློབ་མ་39དང་དེ་བཞིན་དགེ་རྒན་7བཅས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་དུས་ཡུན་ཉིན་20ཡི་ཉི་འོད་ཕུགས་འདུན་རོགས་སྐྱོར་ལུས་རྩལ་ན་གཞོན་སློབ་གསོའི་ཆེད་དོན་ཐེབས་རྩའི་2022ལོའི་རྐང་རྩེད་སྤོ་ལོའི་དབྱར་སྒར་བྱེད་སྒོར་ཞུགས་པར་སླེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉི་འོད་ཕུགས་འདུན་རོགས་སྐྱོར་ལུས་རྩལ་ན་གཞོན་སློབ་གསོའི་ཆེད་དོན་ཐེབས་རྩ་དེ་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་ཆིང་ཏའོ་ཁྲེང་དབྱང་ཆུས་རྐང་རྩེད་སྤོ་ལོའི་མཐུན་ཚོཌ་ཀྱིས་མཉམ་ལས་བྱས་ནས་བཙུཌ་པ་ཞིག་ཡིན་པ་དང་། གཅེས་སེམས་སྒྲིག་གཞི་དང་གཅེས་སེམས་མི་སྣས་གནས་གཏན་འཁེལ་གྱིས་བོད་ཀྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རོགས་སྐྱོར་བྱས་པ་དང་། ཆིང་ཏའོ་སློབ་གསོའི་སྒྲིག་གཞིའི་ཆེད་དོན་ལུས་རྩལ་གྱི་སློབ་གསོ་སྤེལ་རེས་དང་གུང་གསེང་རིང་གི་སྦྱོང་བརྡར་སྒར་ས་སོགས་རྣམ་པ་སྣ་ཚོགས་བརྒྱུད་རྐང་རྩེད་སྤོ་ལོའི་ཕུགས་འདུན་ལྡན་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོར་ལས་སྟེགས་བསྐྲུན་ཡོད་པ་རེད།

    བསྟན་འཛིན་རྣམ་རྒྱལ་ནི་ད་ཐེངས་དབྱར་སྒར་བྱེད་སྒོར་ཞུགས་མཁན་སློབ་མའི་ཁྲོད་ནས་ཆིང་ཏའོ་དབྱར་སྒར་བྱེད་སྒོར་ཞུགས་ཐེངས་གཉིས་པ་ཡིན་པའི་སློབ་མ་ཞིག་རེད། སློབ་མ་གཞན་དང་བསྡུར་ཚེ་ཁོ་པས་ཆིང་ཏའོ་ལ་དེ་བས་རྒྱུས་མངའ་ཆེ་བ་ཡོད། “ན་ནིང་ཆིང་ཏའོ་རུ་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བྱས་པས་ངའི་སྤོ་ལོ་རྒྱག་རྩལ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་འདུག དེའི་རིང་སློབ་སྦྱོང་ལ་འཐུས་ཤོར་ཕྱིན་མེད་པ་མ་ཟད། ད་དུང་ངའི་སྦྱངས་འབྲས་ཀྱང་ལེགས་སུ་ཕྱིན་འདུག”ཅེས་བསྟན་འཛིན་རྣམ་རྒྱལ་གྱིས་བཤད། དེས་རྐྱེན་པས་ཁོང་སྐབས་གསར་པའི་སློབ་མའི་འཐུས་མིར་གྱུར་བ་མ་ཟད། སློབ་མའི་མིག་དཔེ་ལྟ་སར་ཡང་གྱུར་ཡོད།

    “ཆིང་ཏའོ་ལ་ཆུ་ཚད་དེ་བས་ལེགས་པའི་ཆེད་ལས་ལྡན་པའི་དགེ་རྒན་དང་རྩལ་ཁྲིད་པ་ཡོད་པས་ཁོང་རྣམ་པས་ང་ཚོར་དེ་སྔ་སྦྱོང་མི་མྱོང་བའི་ཤེས་བྱ་དང་སྤོ་ལོ་རྒྱག་རྩལ་མང་པོ་བསླབས་བྱུང་། ཆིང་ཏའོ་ཡི་རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་པའི་མྱོང་ཚོར་དེ་དངོས་གནས་ཧ་ཅང་སྐྱིད་པོ་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ནས་ཡོང་བའི་སློབ་ཆུང་སློབ་མ་སྐལ་བཟང་དངོས་གྲུབ་ཀྱིས་བཤད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་གསོ་ཅུས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྣམ་གྲངས་ཀྱི་འགན་འཁུར་བ་དབང་འདུས་ཕུན་ཚོགས་ཀྱིས་སློབ་མའི་ངོས་ནས་བརྗོད་ན། དབྱར་སྒར་བྱེད་སྒོ་དེར་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། ད་དུང་བོད་ཀྱི་རྩལ་ཁྲིད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཡང་རོགས་རམ་ཆེན་པོ་ཡོད། ཁོང་ཚོས་ཆིང་ཏའོ་ཡི་ཆུ་ཚད་དེ་བས་ལེགས་པའི་ཆེད་ལས་དགེ་རྒན་ས་ནས་སློབ་སྦྱོང་བྱེད་པ་དང་མཉམ་དུ་དཔྱད་བསྡུར་བྱེད་ཆོག་པ་དང་འདི་གར་གསོག་འཇོག་བྱས་པའི་སློབ་ཁྲིད་ཀྱི་ཉམས་མྱོང་གིས་སློབ་མ་ཚོ་དེ་བས་ལེགས་པའི་སྒོ་ནས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།

    ཤེས་རྟོགས་བྱས་པར་གཞིགས་ན། དབྱར་སྒར་དེར་ཞུགས་མཁན་སློབ་མ་དང་དགེ་རྒན་རྣམས་ཀྱིས་ཆིང་ཏའོ་རུ་སྡོད་རིང་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་དང་ལེན་བྱེད་པ་ཕུད་ད་དུང་ཞིབ་སྦྱོང་གི་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།