ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱིས་ཁམ་ཕུ་ཁྲེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤེས་ལྡན་པ་འཚར་ལོངས་ཡོང་བར་རམ་འདེགས་བྱས་པ།
འདི་ནི་ཁམ་ཕུ་ཁྲེའི་ཤིས་ཧ་ནུ་ཁེ་ཞིང་ཆེན་ནས་པར་བླངས་པའི་ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཡིན་པ།
ད་ལོ་ལོ་26ལ་སླེབས་པའི་ཁམ་ཕུ་ཁྲེའི་བུ་མོ་ནན་སེ་ལེ་པོ་ཁམ་ཕུ་ཁྲེའི་མྱུར་བགྲོད་གཞུང་ལམ་དང་པོའི་འཛུགས་སྐྲུན་ནང་ཞུགས་བཞིན་ཡོད་པ་དང་ཁོང་གིས་རང་ཉིད་ལས་ཀ་དེའི་ནང་ཞུགས་ཐུབ་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད།
“དེ་གོང་མྱུར་བགྲོད་གཞུང་ལམ་མཐོང་མྱོང་མེད་ཀྱང་ད་ཆ་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཚོད་ལྟ་ཁང་དུ་རང་ཉིད་ཀྱིས་དགའ་བའི་ལས་ཀ་བྱེད་རྒྱུ་བྱུང་། འདི་གར་ཚོད་ལྟའི་སྒྲིག་ཆས་གསར་རྐྱང་དང་དེང་རབས་ཅན་ཤ་སྟག་རེད”ཅེས་ཀྲུང་གོ་ལམ་ཟམ་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ལྟེ་བའི་ཚོད་ལྟ་ཁང་གི་སྤུས་ཚད་ཞིབ་དཔྱད་ལག་རྩལ་པ་ཞིག་ཡིན་པའི་ནན་སེ་ལེ་པོ་ཡི་ལས་ཀ་ནི་ཨར་འདམ་དང་རྡོའི་རྒྱུ་ཆའི་སྤུས་ཚད་ལ་ཞིབ་བཤེར་བྱ་རྒྱུ་དེ་ཡིན་པ་རེད།
ནན་སེ་ལེ་པོ་ཡིས“ཀྲུང་གོའི་ལག་རྩལ་པས་ང་ལ་སྒྲིག་ཆས་མི་རེ་ངོ་རེ་ཇི་ལྟར་སྤྱོད་དགོས་མིན་བསླབས་བྱུང་། འདི་ནས་ངས་དེ་གོང་རྒྱུས་མངའ་གཏན་ནས་མེད་པའི་ཞིབ་བཤེར་ལག་རྩལ་ཤེས་བྱུང་། ངའི་སློབ་ཆེན་གྱི་དགེ་རྒན་གྱིས་ཀྱང་ང་ལ་ལག་རྩལ་གྱི་ཞིབ་ཆ་ཁག་གཅིག་འདྲི་ཡི་འདུག དེས་མ་ཟད་ལག་རྩལ་དེ་དག་ཡུལ་དེ་གར་རྩེར་སོན་ཡིན་པས། ངའི་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་གིས་ང་ཚོའི་རྒྱལ་ཁབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་རོགས་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད།
ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ལས་ཁུལ་དང་པོའི་བདེ་འཇགས་དོ་དམ་མི་སྣ་ཞིག་ཡིན་པའི་ལའེ་ཐུང་དེ་སྔོན་ཡུལ་དེའི་ཨར་སྐྲུན་ལས་ཡུལ་དུ་ལས་ཀ་བྱེད་ཀྱི་ཡོད། 2019ལོར་ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལ་ཞུགས་རྗེས་ཁོང་ཨར་སྐྲུན་ལས་ཡུལ་གྱི་བདེ་འཇགས་དོ་དམ་པར་ལས་བགོས་བརྒྱབ། རྣམ་གྲངས་པུའུ་ཡིས་ལའེ་ཐུང་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ཀྲུང་གོ་ཕྱོགས་ཀྱི་ལས་མི་བཀོད་སྒྲིག་བྱས་ནས་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་པ་རེད། ལའེ་ཐུང་གིས་རྨང་གཞིའི་ཤེས་བྱ་ནས་སྦྱངས་ཏེ་ཉིན་ལྟར་དེབ་ཆུང་ཆུང་ཞིག་འཁྱེར་ཏེ་དགེ་རྒན་གྱི་ས་ནས་གནད་དོན་མང་པོ་སྐད་ཆ་འདྲི་བ་དང་ཀྲུང་གོའི་དགེ་རྒན་གྱིས་ཀྱང་ངང་རྒྱུད་རིང་པོས་ལས་ཀའི་ཉམས་མྱོང་དང་ཤེས་བྱ་སློབ་ཀྱི་ཡོད། ལོ་འགའ་ཤས་སོང་རྗེས་ལའེ་ཐུང་ལྟ་སྦྱོང་བ་ཞིག་ནས་ཡུལ་དེའི་ལས་མིའི་ཁྲོད་ཀྱི་ཅུང་སྐད་གྲགས་ལྡན་པའི་བདེ་འཇགས་དོ་དམ་པ་ཞིག་ཏུ་གྱུར་ཡོད།
ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དང་མཚོ་འཇིངས་གྲུ་ཁ་ཤིས་ཧ་ནུ་ཁེ་གྲུ་ཁ(གྲུ་ཁ་ནུབ་མ)སྦྲེལ་མཐུད་བྱེད་པའི་ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཀྲུང་གོ་ལམ་ཟམ་ཚོགས་པས་མ་དངུལ་བཏང་ནས་འཛུགས་སྐྲུན་དང་། གཉེར་སྐྱོང་། རྩིས་སྤྲོད་བཅས་བྱས་པའི་རྣམ་གྲངས་ཤིག་ཡིན། དེའི་ནང་ཀྲུང་གོའི་འཆར་འགོད་དང་སྤུས་ཚད་ཀྱི་ཚད་གཞི་སྤྱད་པ་དང་། སྤྱིའི་རིང་ཚད་སྤྱི་ལེ་187.05ཟིན་པ། བསྐྲུན་རྗེས་ས་གནས་གཉིས་དབར་གྱི་ལམ་ཐག་ཆུ་ཚོད་5ནས་2བར་ཐུང་དུ་འགྲོ་རྒྱུ་རེད། ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་2019ལོའི་ཟླ་6པར་དངོས་སུ་ལས་འགོ་བཙུགས་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་9པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
ཁམ་ཕུ་ཁྲེའི་སྤྱི་པའི་ལས་གྲྭ་དང་སྐྱེལ་འདྲེན་བློན་ཆེན་སུན་ཀྲན་ཐུའོ་ཡིས་ཕ་ནོམ་ཕེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ལ་ལྟ་སྐོར་བྱེད་སྐབས། རྣམ་གྲངས་དེས་ཁམ་ཕུ་ཁྲེའི་བཟོ་པར་ཕན་པ་ཆེན་པོ་བསྐྲུན་ནས་ཁོང་ཚོར་མྱུར་བགྲོད་གཞུང་ལམ་གྱི་ལག་རྩལ་དང་ཤེས་བྱ་མཁོ་འདོན་བྱས་ཡོད། རྣམ་གྲངས་ལེགས་སྒྲུབ་ཟིན་རྗེས་ཡུལ་དེའི་བཟོ་པས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཁམ་ཕུ་ཁྲེར་མྱུར་བགྲོད་གཞུང་ལམ་གཞན་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།