རླབས་ཆེན་གྱི་བྱ་གཞག་རླབས་ཆེན་གྱི་གཙོ་འཛིན་དང་ཁ་འབྲལ་ཐབས་མེད་པ་དང་། རླབས་ཆེན་གྱི་བྱ་གཞག་སྲོག་ཤིང་གི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། བོད་ཀྱི་ལས་དོན་སྔ་བར་ཕྱི་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ལ་འཆང་བཞིན་ཡོད་ལ་དུས་རབས་གསར་པའི་བོད་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་བཀའ་སློབ་ཟབ་མོ་གཅིག་ཏུ་འདུས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་འཕེལ་རྒྱས་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། སྐུ་ངོ་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་ནས་འཚོགས་པ། བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི“དོན་ཆེན་བཞི”བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དེས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
དུས་རབས་གསར་པའི་ལོ་བཅུའི་རིང་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་མཚོན་ཚུལ་ཞིག་རེད། ལོ་བཅུའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ“དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། གངས་ལྗོངས་ས་མཐོར་མཛེས་ཤིང་བརྗིད་ཉམས་ལྡན་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད།
ལོ་བཅུའི་རིང་འབད་འབུངས་ཡར་བརྩོན་བྱས་ནས་ལོ་བཅུར་གཡུར་ཟའི་འབྲས་བཟང་སྨིན། ལོ་བཅུའི་རིང་། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་པས། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་གནས་བཟོད་བདེ་བའི་འགན་ལེན་བཅས་ཐུབ་ཡོད། ལོ་བཅུའི་རིང་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་བཅས་བྱས་པས། བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་དམངས་འཚོ་ཆེས་ཆེར་ལེགས་སུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་ཡོད། ལོ་བཅུའི་རིང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པས། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་སུ་སླེབས་ཡོད། ལོ་བཅུའི་རིང་། ང་ཚོས་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་མཐའ་མཚམས་མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་ཐག་གཅོད་བྱ་རྒྱུ་འཇུག་གཞི་དང་ཚད་བརྒལ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བཅས་བྱས་ནས“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་ལ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད། ལོ་བཅུའི་རིང་། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་པ་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད།
འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཞིག་ཡིན་ལ།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”དང“འགན་ལེན་བཞི”དམ་པོར་དམིགས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གསར་གཏོད་ལྡན་པའི་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འབད་འཐབ་ཀྱི་དམིགས་ཚད་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་ཡར་བརྩོན་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་ཞིང་འཕྱུགས་པ་མེད་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དག“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཞིབ་ཕྲར་འགྱུར་བར་བྱེད་པ། འབད་བརྩོན་ཆེན་པོས“མདུན་གྲལ་དུ་སླེབས་པ་བཞི”བྱེད་སྤྱོད་ཞིབ་ཕྲར་ཧུར་ཐག་འགྱུར་བར་བྱེད་པ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་ལྟ་བསྡུར་བྱེད་པ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དང་དཔེ་བསྡུར་བྱེད་པ། ལས་ཀའི་འཕེལ་རིམ་ཁག་ལ་ཞིབ་བསྡུར་བཅས་བྱས་ནས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ཏེ་དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སླེབས་པའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།