དབུ་ཤོག>གསར་འགྱུར།
  • ཁེན་ནི་ཡའི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་གཞུང་ལམ་རྣམ་གྲངས་ལ་བསྔགས་བརྗོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-08-03

    f0774600-1436-4c64-b846-a562676d0b71.jpg.jpg

     འདི་ནི་2022ལོའི་ཟླ་5ཚེས་8ཉིན་པར་བླངས་པའི་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་མྱུར་བགྲོད་གཞུང་ལམ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ“ཀྲུང་གོ་ལམ་ཟམ”ཞེས་བསྡུ་རྒྱུ)མ་འཇོག་གསར་སྤེལ་དང་འཛུགས་སྐྲུན་གཉེར་སྐྱོང་བྱས་པའི་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་མྱུར་བགྲོད་གཞུང་ལམ་ཟླ་7ཚེས་31ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐས་འབྲེལ་ཡོད་མཛད་སྒོར་ཞུགས་སྐབས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་གཞུང་ལམ་རྣམ་གྲངས་ཀྱིས་ནེ་རོ་པིའི་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད།

    ཁེན་ཡ་ཐ་ཡིས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ནེ་རོ་པིའི་མྱུར་བགྲོད་གཞུང་ལམ་དེ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བ་དང་ཚེས་31ཉིན་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་ནེ་རོ་པིའི་ཤར་རྒྱུད་གྲོང་སྐོར་ལམ་གསར་པས་ནེ་རོ་པིའི་འགྲིམ་འགྲུལ་འགག་པའི་གནད་དོན་མངོན་གསལ་དོད་པོས་ཞི་ལྷོད་དུ་གཏོང་རྒྱུ་ཡིན་ཞིང་། ནེ་རོ་པིའི་མྱུར་བགྲོད་གཞུང་ལམ་ཤར་གཏོང་མ་ཐུབ་གོང་ལམ་དུམ་ཁ་ཤས་སུ་ཉུང་མཐར་ཡང་ཆུ་ཚོད་3བསྐྱོད་འགོར་གྱི་ཡོད་མོད་ཡིན་ནའང་ད་ཆ་སྐར་མ་15ནས་24བར་ལས་འགོར་གྱི་མེད་ཅེས་བརྗོད་པ་རེད།

    ཁེན་ནི་ཡའི་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་བཀོད་པུའུ་ཀྲང་ཀྲན་མུའུ་སི·མ་ཁྲ་ལི་ཡས་མཛད་སྒོའི་ཐོག་ནེ་རོ་པིའི་མྱུར་བགྲོད་གཞུང་ལམ་ནི་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་ཡག་ཤོས་ཀྱི་རྣམ་གྲངས་གྲས་ཤིག་དང་ཁེན་ནི་ཡ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་དཔེ་མཚོན་རྣམ་གྲངས་ཤིག་རེད་ཅེས་བརྗོད་པ་རེད།

    ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཕིང་ཅན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཀྲུང་ཁེན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་ལས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཕན་དེ་ཁེན་ནི་ཡ་ནས་གང་ལེགས་མངོན་གྱི་ཡོད། ཀྲུང་གོས་ཐབས་ལམ་སྣ་ཚོགས་བརྒྱུད་ཁེན་ནི་ཡར་རྨང་གཞིའི་སྒྲིག་བཀོད་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཀྲུང་གོའི་ཚད་གཞིའི་ལག་རྩལ་དང་། དོ་དམ། སྒྲིག་ཆས་སོགས་ཁེན་ནི་ཡ་ནས་བཀོལ་སྤྱོད་བྱས་ཤིང་། གྲུབ་འབྲས་དེ་དག་ལ་ཁེན་ནི་ཡར་ཀུན་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་སྲིད་གཞུང་དང་མི་དམངས་ཚང་མར་དེའི་ཁྲོད་ནས་ཕན་པ་དངོས་ཐོབ་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།