ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་དེ་བས་བརྟན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས།
རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་མཚམས་སུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུཌ་ནས་ལོ་ངོ་95འཁོར་ཞིང་། ང་ཚོས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི། དམག་ཞབས་ཐིམ་པའི་དམག་མི་སོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
“སྟོབས་དང་ལྡན་པའི་དམག་དཔུང་ཞིག་མེད་ན། སྟོབས་དང་ལྡན་པའི་མེས་རྒྱལ་ཡོང་མི་སྲིད”1927ལོའི་ཟླ་8པའི་ཚེས་1ཉིན། ནན་ཁྲང་གྲོང་ཁྱེར་གྱི་མཁར་རྫོང་ནས་མེ་མདའི་སྒྲ་དང་པོ་གྲགས་པ་དེ་མཁའ་དབྱིངས་སུ་གློག་དམར་འཁྱུག་པ་ལྟར་ཀྲུང་གོ་མི་དམངས་ལ་མུན་ནག་ཁྲོད་ནས་གསར་བརྗེའི་རེ་བའི་འོད་སྣང་མཐོང་བ་དང་། གནས་བབ་ཞན་པོའི་ཁྲོད་ནས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་སྟོབས་ཤུགས་མཐོང་ཡོད། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་དམག་དཔུང་གིས་ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་གཏོང་བ་དང་བདེ་སྐྱིད་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ལ་རང་བཙན་དང་བསྐྱར་དར་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དཔའ་ངར་ཆེན་པོས་ཞུགས་པས། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། དཀའ་སྤྱད་ཚད་མེད་ཀྱི་ཅིན་ཀང་རི་བོར་འཐབ་རྩོད་བྱས་པ་ནས་དཀའ་ཉེན་སྣ་ཚོགས་ཀྱི་རྒྱང་སྐྱོད་ལམ་བུར་བསྐྱོད་པ་དང་། མེ་རྫས་ཀྱི་དུ་ཞག་འཁྲིགས་པའི་རི་འགོག་དམག་འཁྲུག་ནས་རྙིང་རུལ་ཕྱོགས་གཏོགས་རྩ་མེད་བཟོ་བའི་བཅིངས་འགྲོལ་དམག་འཁྲུག་བར། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་ཆེད་ཞུམ་མེད་འཐབ་རྩོད་བྱས་པ་ནས་ཉེན་སེལ་གེགས་སེལ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པའི་བར། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་བར་བཅས་སུ། མི་དམངས་དམག་དཔུང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་བློས་ཆེན་པོ་བཏང་བས་འོད་སྟོང་འཕྲོ་བའི་རྒྱལ་ཁ་ཡང་ཡང་ཐོབ་ནས་ཏང་དང་མི་དམངས་ཆེད་ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད། འདི་ནི་གསར་བརྗེའི་རྒྱལ་སྲིད་སྲུང་སྐྱོབ་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པའི་ཀ་རྟེན་བརྟན་པོ་ཞིག་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པར་ངོ་གནོང་མི་དགོས་པ་ཞིག་རེད། སྤྱིར་བཏང་མིན་པའི་ལོ་ངོ་95ཡི་རིང་། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གོམ་སྟབས་དམ་པོར་བསྙེགས་ཏེ་དམག་འཐབ་ཁྲོད་འཚར་ལོངས་དང་། རྒྱུན་འཛིན་ཁྲོད་གསར་གཏོད། འཛུགས་སྐྱོང་ཁྲོད་འཕེལ་རྒྱས་བཅས་བྱས་ནས་སྲ་ཞིང་བརྟན་པའི་ངར་ལྕགས་ཀྱི་ལྕགས་རི་རིང་པོ་ཞིག་ཏུ་བཏོད་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱས་ནས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱེད་པའི་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་བཏོན་ཏེ་དུས་བསྟུན་འཕེལ་རྒྱས་ཀྱིས་དམག་དོན་འཐབ་ཇུས་ཀྱི་ཁྲིད་སྟོན་གསར་གཏོད་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་བཟོས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་གང་མགྱོགས་འགྱུར་བའི་སྐོར་ལ་འཐབ་ཇུས་ཇུས་འགོད་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ཐོག་དམག་ཡོངས་ལ་སྣེ་ཁྲིད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། ལོ་བཅུའི་རིང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེ་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་པ་ཞིག་རེད། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་དང་སྣེ་ཁྲིད་གནང་གི་ཡོད་པས། རང་རེའི་ཏང་ལ་འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་ཆེན་པོ་ལྡན་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཆེས་རྩ་བའི་འགན་ལེན་ཡོད་ལ། མི་དམངས་དམག་དཔུང་ལ་མུ་མཐུད་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་། ཡིད་ཆེས། སྟོབས་ཤུགས་བཅས་ཡོད་པ་ལག་ལེན་ལས་རྩོད་ཐབས་བྲལ་བར་ར་འཕྲོད་ཐུབ་ཡོད།
ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་རླབས་པོ་ཆེར་ཕྱིར་མིག་ལྟ་སྐབས། ཏང་གིས་དམག་དཔུང་ལ་བཀོད་འདོམས་མཐའ་འཁྱོངས་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པ་ནི་ཏང་གིས་ཁྲག་དང་མེ་ལྕེའི་འཐབ་རྩོད་བྱེད་རིང་ཐོབ་པའི་སྡོམ་ཚིག་གལ་ཆེན་ཞིག་དང་གཞོམ་ཞིག་མེད་པའི་བདེན་དོན་ཞིག་རེད། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གིས་ཁྲིད་སྟོན་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཚེ། མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་ཡོང་ངེས། དུས་རབས་ཇི་ལྟར་འཕེལ་རྒྱས་ཕྱིན་པ་དང་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་ཕྱིན་རུང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རང་རེའི་དམག་དཔུང་གིས་ནམ་ཡང་འགྱུར་བ་གཏོང་མི་རུང་བའི་དམག་དཔུང་གི་བླ་སྲོག་དང་ནམ་ཡང་འདོར་མི་རུང་བའི་སྲོག་རྩ་ཡིན་པས། མི་དམངས་དམག་དཔུང་གིས་དུས་གང་རུང་དང་གནས་ཚུལ་གང་རུང་འོག་ངེས་པར་དུ་ཏང་གི་དར་ཆ་དར་ཆར་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདོད་བློ་འདོད་བློར་བྱེད་དགོས།
དེང་གི་འཛམ་གླིང་འདིར་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཤིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཏུ་བཞག་སྟེ་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས”ཞེས་བསྟན་གནང་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་དུས་བསྟུན་འཕེལ་རྒྱས་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་ཚེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དེ་བས་འགྱུར་མེད་སྟོབས་ལྡན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐུབ་ངེས་རེད།
ད་ཆ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་ཀུན་ལས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་དང་ཉེ་ལ། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་མི་དམངས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོས་མཁོ་ཆེ་བ་ཡོད། ལོ་5སོང་རྗེས། ང་ཚོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་རྒྱུ་རེད། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་སྟབས་གསུམ”གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་དཔུང་སྐྱོང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་དམག་གྲབས་དམག་རྒྱག་ལ་དམིགས་པ། བསྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་པ་བཅས་ཀྱི་དམག་ཧྲག་ལུའེ་ཤོག་གཏོད་པ། འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་བློ་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ལྡན་པའི་ཉམས་སད་ཐེག་ཐུབ་པའི་དམག་དཔུང་ཞིག་འཛུགས་སྐྱོང་། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་འཚམ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་འཚམ་པའི་རྒྱལ་སྲུང་སྲ་བརྟན་དང་མི་དམངས་ཀྱི་དམག་དཔུང་སྟོབས་ཆེན་ཞིག་འཛུགས་སྐྱོང་བཅས་བྱས་ཚེ། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོར་སྒྲུབ་ཐུབ་ངེས་རེད།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཡང་འབད་བསྐྱར་འབད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་བྱེད་པ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ། དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བར་དེ་བས་འོད་སྟོང་འཕྲོ་བའི་ལེའུ་ཟམ་མི་ཆད་པར་རྩོམ་པ་བཅས་བྱས་ཏེ་ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་གསར་པ་ཟམ་མི་ཆད་པར་གཏོད་དགོས།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣