2019ལོའི་ཟླ་7པ་ཚུན། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཉིང་པོ་དང་ཧྲའོ་ཤིང་ལས་དོན་ཚོགས་ཆུང་གིས་འབྲི་རུའི་དོན་དངོས་དང་བསྟུན་ཏེ་ཀྲེ་ཅང་གི་ཁྱད་ཆོས་དེ་བས་མངོན་པའི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས། སློབ་གསོ་དང་། སྨན་བཅོས། ཐོན་ལས་སོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲེ་ཅང་གི་མྱུར་ཚད་ལ་བརྟེན་ནས་བོད་བྱང་ཐང་གི་རྩྭ་ཐང་དུ་ངོ་མཚར་བཏོད་དེ“མི་ཐུབ་པ”ཚང་མ་རེ་རེ་བཞིན་མངོན་འགྱུར་ཐུབ་པར་བྱས་ཡོད།
སྨན་བཅོས་བོད་སྐྱོར། རྫོང་ཕྱིར་སྨན་བཅོས་བྱེད་པར་འགྲོ་ཚད་90%ནས་36.5%བར་ཆག་པ།
ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཉིང་པོ་ལས་དོན་ཚོགས་ཆུང་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་འབྲི་རུ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་གཙོ་རྐང་དུ་བྱས་ནས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་གཏོང་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ཡོད། ཉིང་པོ་ལས་དོན་ཚོགས་ཆུང་གིས་འབྲི་རུའི་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ཁུངས་བསྡུ་སྒྲིལ་དང་། སྒྲིག་བཀོད་ལེགས་འགྱུར། འཆར་གཞི་ཕུད་པའི་མ་དངུལ་སྒོར་ཁྲི་380བསྡུ་རུབ་བཅས་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་སློབ་གསོ་གསོ་སྦྱོང་རྟེན་གཞི་ཐོག་མ་དེ་བཙུགས་ཏེ་སློབ་དཔོན་གྱིས་དགེ་ཕྲུག་ཁྲིད་པ་དང་། རྒྱང་ཁྲིད་སློབ་ཁྲིད། རྒྱང་བསྟེན་ནད་དཔྱད་སོགས་བྱེད་ས་མཁོ་འདོན་བྱས་པ་དང་། གསོ་རིག་ཐད་མཁོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་དོ་དམ་བྱེད་ཐབས་བཏོན་ནས། འདི་ལོའི་ཟླ་4པ་བར་ལྗོངས་ཕྱིའི་ཤེས་ལྡན་མི་སྣ་སྣ་ཚོགས་ཁྱོན་143གདན་ཞུ་བྱས་པ་དང་། བོད་སྐྱོར་དང་སྨན་བཅོས་འབྲེལ་ཚོགས་སོགས་ཀྱི་རོགས་སྐྱོར་ཐབས་ལམ་ལ་བརྟེན་ནས་སྔ་རྗེས་སུ་ས་གནས་དེ་གའི་སྨན་རྩལ་ཤེས་ལྡན་པ་མི་ཐེངས་100ལྷག་ཙམ་ཀྲེ་ཅང་དང་ཧྲན་ཏུང་སོགས་ཀྱི་ལྗོངས་ཕྱིའི་རིམ་གསུམ་ཡན་གྱི་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་མངགས་ཏེ་འབྲི་རུར་གཞིས་ཆགས་པའི་སྨན་བཅོས་རུ་ཁག་གཅིག་བཞག་པ། “མཁའ་ལམ་སྨན་བཅོས་བྱ་སྤྱོད”ཀྱི་དང་བླངས་ཞབས་འདེགས་རུ་ཁག་བཙུགས་པས་ཞིང་འབྲོག་མང་ཚོགས་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད། མིག་སྔའི་བར་སྐོར་སྐྱོད་སྨན་བཅོས་ཐེངས་20ལྷག་ཙམ་བྱས་ནས་ཞིང་འབྲོག་མང་ཚོགས་8900ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་སྒོར་ཁྲི་5.4རི་བའི་སྨན་རྫས་རིན་མི་དགོས་པར་སྤྲད་ཡོད།
འབྲི་རུ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཟླ་བ་རྒྱལ་མཚན་གྱིས། 2020ལོར་སླེབས་སྐབས་འབྲི་རུ་རྫོང་མི་དམངས་སྨན་ཁང་གིས་རྫོང་རིམ་པའི་ཀ་པ་རིམ་པ་གཉིས་པའི་སྨན་ཁང་བདེ་བླག་ངང་བཙུགས་ཤིང་། རྫོང་ཡོངས་ཀྱི་རྫོང་ཕྱིར་སྨན་བཅོས་བྱེད་པར་འགྲོ་ཚད་2019ལོའི་90%ནས་2021ལོའི་36.5%བར་ཆག་ཡོད་པ་རེད།
སློབ་གསོའི་བོད་སྐྱོར། སྤུས་ལེགས་ཐོན་ཁུངས་འབྲི་རུར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ།
ལོ་གསུམ་རིང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཉིང་པོ་དང་ཧྲའོ་ཤིང་ལས་དོན་ཚོགས་ཆུང་གིས་རྨང་གཞི་བརྟན་གཏོང་དང་། ཁྱད་ཆོས་གཏོད་པ། དཀའ་གནད་སེལ་བ། སྤེལ་རེས་ལ་སྐུལ་འདེད་སོགས་ཀྱི་ལས་དོན་ལ་དམ་པོར་དམིགས་ནས། སྤུས་ལེགས་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་འབྲི་རུར་ཁྱབ་གདལ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
འབྲི་རུ་རྫོང་ཚ་ཆུ་ཤང་སློབ་ཆུང་ནི་རྒྱལ་མོ་རྔུལ་ཆུའི་རོང་དུ་གནས་ཤིང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་296ཡོད་པ་དང་། ས་གནས་དེ་གའི་དམིགས་བསལ་གྱི་ས་ཁམས་ཆགས་ཚུལ་གྱི་རྐྱེན་པས་སློབ་གྲྭར་སྔ་བར་ཕྱི་གསུམ་དུ་འཐུང་ཆུའི་གནད་དོན་གནས་ཡོད།
གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། བོད་སྐྱོར་ལས་དོན་རུ་ཁག་གིས་ཧྲའོ་ཤིང་གི་གཅེས་སེམས་མི་སྣ་དང་འབྲེལ་བ་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི་10ལྷག་ཙམ་གྲབས་གསོག་བྱས་ཏེ་ཆེད་མངགས་དགེ་སློབ་ཚོར་དྭངས་གཙང་འཐུང་ཆུ་ཉོས་པ་རེད།
མིག་མདུན་གྱི་དྭངས་གཙང་འཐུང་ཆུ་འགྱིག་དམ་280ལྷག་ཙམ་ལ་ལྟ་བཞིན་འབྲི་རུ་རྫོང་ཚ་ཆུ་ཤང་སློབ་ཆུང་གི་སློབ་སྤྱི་ལྷུན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲི་རུ་བ་ཞིག་ཡིན། ཆུང་དུས་ནས་ཚ་ཆུའི་ཆུ་སྤུས་ཡག་པོ་མེད་པ་ཤེས་ཀྱི་ཡོད་ལ། ལྷག་པར་དུ་སློབ་སྤྱི་བྱས་རྗེས་ཕྲུ་གུ་ཚོའི་འཐུང་ཆུའི་གནད་དོན་སྔར་བཞིན་ཐག་གཅོད་ཐུབ་མེད་པ་མཐོང་སྐབས། དངོས་འབྲེལ་སེམས་ཁྲལ་ཆེན་པོ་བྱུང་། ཧྲའོ་ཤིང་གི་གཅེས་སེམས་ཆུ་འབྱོར་རྗེས་སློབ་གྲྭའི་ཆུ་སྤྱོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་བཤད།
དོན་དངོས་ཐོག་རོགས་སྐྱོར་གྱི་གཏམ་རྒྱུད་དེ་ལྟ་བུ་མང་པོ་ཞིག་ཡོད་ཅིང་། འབྲི་རུའི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉིང་པོའི་ལས་དོན་ཚོགས་ཆུང་གིས་གཅེས་སེམས་ཁེ་ལས་དང་འབྲེལ་བ་བྱས་ཏེ་གློག་ཀླད་སོགས་སྒོར་ཁྲི་250ཙམ་རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་པ་མ་ཟད། འབྲི་རུ་སློབ་འབྲིང་དང་པོའི་སློབ་མར་དགུན་དུས་ཆུ་ཚ་པོ་དཀོན་པའི་དཀའ་ངལ་ཐག་གཅོད་བྱ་ཆེད། ཧྲའོ་ཤིང་ལས་དོན་ཚོགས་ཆུང་གིས་འབྲི་རུ་སློབ་འབྲིང་དང་པོར“གཅེས་སེམས་ཤེལ་ཁང་གི་གོས་འཁྲུད་ཁང”སྐྲུན་རོགས་བྱས་ཡོད། དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱ་ཆེད། ཧྲའོ་ཤིང་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་བྱས་པ་བརྒྱུད“ཀྲེ་ཅང་ཅི་ཐའེ་རྒྱུ་ཆ་གསར་པའི་མ་རྐང་ཚད་ཡོད་ཀུང་སིའི་འབྲི་རུ་སློབ་སྐྱོར་གཅེས་སེམས་ཐེབས་རྩ”བཙུགས་པ་རེད།
ས་གནས་དེ་གའི་ལས་བྱེད་པའི་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཧྲའོ་ཤིང་ལས་དོན་ཚོགས་ཆུང་གིས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་དགེ་རྒན་ཟབ་སྦྱོང་གི་གཅིག་མཐུན་འདུས་གྲུབ་བཏོད་དེ་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་དང་ཆ་འཕྲིན་ཅན་གྱི་སྤེལ་རེས་ཕན་ཚུན་གསབ་རེས་འཐུས་སྒོ་ཚང་དུ་བཏང་བ་རེད། འབྲི་རུར་ཧྲའོ་ཤིང་གི་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་གི་ཡན་ལག་ས་ཚིགས་བཙུགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དགེ་རྒན་གྲགས་ཅན་གྱི་དཔེ་སྟོན་རང་བཞིན་གྱི་ཕན་འབྲས་འདོན་སྤེལ་བྱས་ཏེ། ཐེམ་ཁུངས་འབྲི་རུ་ནས་ཡིན་པའི་དགེ་རྒན་གྲགས་ཅན་མང་པོ་ཞིག་ཐོན་པར་སྐུལ་འདེད་བཏང་ཡོད། འབྲི་རུའི་སློབ་གསོའི་ཁོངས་གཏོགས་ཀྱི་ཆ་འཕྲིན་ལག་རྩལ་དང་ཏང་འཛུགས་སྐྱོང་ལས་དོན་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཧྲའོ་ཤིང་ཧྲང་ཡུས་སུ་གསོ་སྦྱོང་བྱེད་པར་བཏང་སྟེ་འབྲི་རུའི་ཆ་འཕྲིན་ཅན་གྱི་སློབ་ཁྲིད་དང་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་མཁན་རྐང་འཛིན་སྟོབས་ཤུགས་ཁག་གཅིག་གསོ་སྐྱོང་བྱས་པ་རེད།
ཐོན་ལས་བོད་སྐྱོར། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཧ་ཅང་མང་བའི་བར་འཕེལ་རྒྱས་ཕྱིན་པ།
འབྲི་རུའི་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་རྐྱང་པ་ཡིན་པའི་གནས་ཚུལ་ལ་དམིགས་ཏེ་ཉིང་པོ་ལས་དོན་ཚོགས་ཆུང་གིས་ཐོན་ལས་བོད་སྐྱོར་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་སར་བརྩིས་ནས་བོད་སྐྱོར་རྣམ་གྲངས་དེ“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་གང་ཐུབ་བྱས་ཡོད།
2020ལོའི་ཟླ་4པར་དངོས་ཚན་ཐོན་ལས་ཀྱི་བོད་སྐྱོར་རྣམ་གྲངས་ཐོག་མ་སྟེ། བོད་ལྗོངས་ཁྲང་རུང་ནགས་ཤོད་གོས་བཟོ་ཚད་ཡོད་ཀུང་སི་འབྲི་རུར་བཙུགས་པ་རེད།
བོད་ལྗོངས་ཁྲང་རུང་ནགས་ཤོད་གོས་བཟོ་ཚད་ཡོད་ཀུང་སི་བཙུགས་པ་དེས་འབྲི་རུ་རྫོང་དུ་དངོས་ཚན་བཟོ་ལས་བཟོ་སྐྲུན་ཁེ་ལས་མེད་པའི་སྟོང་ཆ་གསབ་ནས། ཐོན་ལས་བོད་སྐྱོར་མེད་པ་ནས་ཡོད་པར་གྱུར་ཡོད། ཀུང་སིས་ཐོན་སྐྱེད་བྱེད་འགོ་བཙུགས་པ་ནས་བཟུང་ལོ་དེ་རང་གི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་པ་དང་། 2021ལོར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་3000ལྷག་ཙམ་ཟིན་པ། རིམ་རྩིས་བྱས་ན་ཐོན་ལས་བཟོ་པ་མི་ཐེངས་1100ཙམ་ལ་གསོ་སྦྱོང་བྱས་པ། ཞིང་འབྲོག་པ་162ལ་སྒོ་འགྲམ་ནས་ཕྱུག་འགྱུར་གྱི་ཐོན་ལས་རག་ཡོད།
བོད་ལྗོངས་ཁྲང་རུང་ནགས་ཤོད་གོས་བཟོ་ཚད་ཡོད་ཀུང་སི་བཙུགས་པས་འབྲི་རུ་རྫོང་གི་འབྲོག་པ་མཐུ་སྟོབས་ཀུང་སི་དེའི་ཐོན་སྐྱེད་འཁོར་ཁང་གི་ལས་བཟོའི་གྲས་ཤིག་ཏུ་གྱུར་ཡོད། རྒན་ལགས་ཀྱིས་གཅིག་གཏད་གཅིག་གིས་དམར་ཁྲིད་བྱས་པས་ཟླ་གཅིག་ཀྱང་མ་འགོར་བར་གྱོན་ཆས་འཚེམ་བཟོའི་ལག་རྩལ་ལ་བྱང་ཆུབ་ནས་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཙམ་ཡོང་གི་ཡོད།
“མིག་སྔར་ཀུང་སིར་ཚོང་རྟགས་1དང་ཤེས་བྱའི་བདག་དབང་གི་ཁེ་བེད་བདག་ཐོབ་6ཡོད་པ་དང་། སྔོན་དཔག་བྱས་ན་ད་དུང་ལོ་གསུམ་སོང་རྗེས་རང་སྐྱོང་ལྗོངས་ཀྱི་སློབ་གོས་ཁྲོམ་རར་བསྡུར་གྲངས་བཟུང་ཚད་25%ཡན་ཟིན་རྒྱུ་དང་ལོའི་ལས་གཉེར་ཡོང་འབབ་སྒོར་ཁྲི་8000ལྷག་ཙམ་ཟིན་རྒྱུ་རེད”ཅེས་འབྱུང་འགྱུར་ཁེ་ལས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས་བོད་ལྗོངས་ཁྲང་རུང་ནགས་ཤོད་གོས་བཟོ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡེ་དབན་ཧྭ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།
གྲུབ་འབྲས་ལ་ཕྱིར་མིག་ལྟ་སྐབས་བྱང་རྩྭ་ཐང་གིས་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་བྱས་པར་བདེན་དཔང་བྱེད་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཉིང་པོ་དང་ཧྲའོ་ཤིང་མི་དམངས་ཀྱིས་གངས་ལྗོངས་ས་མཐོར་བོད་སྐྱོར་གྱི་ལེའུ་གསར་པ་མུ་མཐུད་བརྩམ་རྒྱུ་རེད།