སྤྱི་ལོ་823ལོར་བཙུགས་པའི་ལྷ་སའི་བར་སྐོར་གྱི“དབོན་ཞང་རྡོ་རིང”ནི་ཡུལ་སྐོར་བ་ཚོས་འགྲོ་བར་དགའ་བའི་ས་ཆ་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་དང་མཛའ་མཐུན་གྱི་ལོ་རྒྱུས་དཔང་པོ་ཞིག་དེ་བས་ཀྱང་ཡིན། བར་སྐོར་གྱི་ཉེ་འཁོར་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྒོ་ར་100ལྷག་ཙམ་ཡོད་པས། ཚང་མ་མཉམ་དུ་འཛོམས་ནས་ཚོང་རྒྱག་པ་དང་། འཚོ་བ་བསྐྱལ་ཏེ་དུས་ཡུན་རིང་མོའི་ནང་ཕན་ཚུན་རོགས་རེས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད།
2021ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞབས་ཐང་ལ་བར་སྐོར་གྱི་རྣམ་པར་གཟིགས་ཞིབ་གནང་ཞིང་། ཁྱད་ཆོས་ལྡན་པའི་ཚོང་ཁང་དུ་ཕེབས་ནས་ཡུལ་སྐོར་གྱི་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས“ང་ལོ་23གྱི་གོང་ཐེངས་གཅིག་ཡོང་མྱོང་ཡོད། ད་ཆ་འཛུགས་སྐྲུན་ཡག་པོ་བྱས་འདུག རྒྱལ་ཡོངས་ས་གནས་ཁག་གི་མི་མང་པོ་འདི་གར་བྱ་གཞག་གཉེར་བ་དང་། ཞབས་སྐོར། ཡུལ་སྐོར་བཅས་ལ་ཡོང་གི་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི། ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱུང་ནས་རང་རེའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་འདི་གར་འཆམ་མཐུན་ངང་གནས་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས།
ལྷ་སའི་ནུབ་ཀྱི་དགེ་འཕེལ་དབུ་རྩེའི་ལྷོ་འདབས་སུ་ཆགས་པའི་འབྲས་སྤུངས་དགོན་པ་ནི། བོད་ཀྱིས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཡིན་པ་མ་ཟད། བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཀྱང་ཡིན།
འབྲས་སྤུངས་དགོན་གྱི་ཚོགས་ཆེན་ལ་ཐོག་སོ་གཉིས་ཡོད་པ་དང་། དེར་མིང་རྒྱལ་རབས་དུས་སུ་བཞེངས་པའི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་གསོན་ཉམས་དོད་པ་དང་། ལོ་ངོ་1200ལྷག་ཙམ་སོང་བའི་དཔེ་ཆའང་སྔར་བཞིན་སྲུང་སྐྱོང་ཡག་པོ་ཐུབ་ནས་མཇལ་རྒྱུ་ཡོད་ལ། དགའ་ལྡན་ཕོ་བྲང་དུ་ཤིང་ཏ་ལའི་ལོ་མའི་དཔེ་ཆ་བདག་གཉེར་ཞིབ་ཚགས་བྱས་ཡོད། 1959ལོར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་མཐུན་སྒྲིལ་བྱེད་དགོས”ཞེས་འཁོད་པའི་རྟེན་འབྲེལ་གོས་དར་སྔར་བཞིན་གསར་པར་གནས་ཡོད། གནའ་གཞུང་འགྲེམས་ཁང་ནང་དགེ་འདུན་པ་ཚོས་ཆ་འཕྲིན་ཅན་སོགས་ཀྱི་ཚན་རྩལ་ལག་རྩལ་ལ་བརྟེན་ནས་གནའ་གཞུང་སྣ་ཚོགས་ཉམས་བཟོ་བྱེད་བཞིན་ཡོད། འདི་ལོའི་ཟླ་4ཚེས་29ཉིན“བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འབྲས་སྤུངས་དགོན་པའི་ཡན་ལག་ཁང”དང“བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱི་འབྲས་སྤུངས་དགོན་པའི་གནའ་གཞུང་འགྲེམས་ཁང”གི་སྒོ་བྱང་འབྲས་སྤུངས་དགོན་པར་བཀལ་བ་རེད། “འབྲས་སྤུངས་དགོན་ཕྱག་བཏབ་པ་ནས་བཟུང་། ཀྲུང་ཧྭ་མི་རིགས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད”ཅེས་འབྲས་སྤུངས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་བཤད་པ་དང་། ཁོང་གིས་ལོ་གཅིག་ཙམ་རིང་། དགེ་འདུན་པ་ཡོངས་ཀྱིས་ལོ་རྒྱུས་རིག་དངོས་རྩ་ཆེན་སྲུང་སྐྱོང་དང་བེད་ཡག་པོ་སྤྱད་དེ“མི་རབས་རྗེས་མར་བོད་འདི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་དབར་དུས་ཡུན་རིང་མོའི་ནང་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ཡག་པོ་བརྗོད་ཀྱི་ཡོད”ཅེས་བཤད།
2021ལོའི་ཟླ་བཅུ་གཅིག་པར་འཚོག་པའི་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ”ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱེད་དགོས”ཞེས་བཏོན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཟླ་9པ“མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་ནས་ལོ་ལྟར་རྣམ་པ་མི་འདྲ་བའི་ཐོག་ནས་མི་རིགས་མཐུན་སྒྲིལ་སློབ་གསོ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་སྤེལ་བ་དང་། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ད་དུང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་དྲིལ་བསྒྲགས་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བའི་སློབ་གསོ་བཅས་དང་ཟུང་འབྲེལ་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་ཡོད།
ལྷ་ས་གྲོང་ཁྱེར་རྒྱ་འབུམ་སྒང་སྡེ་ཁུལ་རྟག་ནག་ཁང་ཆུང་སྒོ་རར་སྡོད་པའི་ལོ་54ལ་སླེབས་པའི་ལྷག་པ་དབང་འདུས་དང་ཁོང་གི་བཟའ་ཟླ་དེ་གར་འཚོ་བ་བསྐྱལ་ནས་ལོ་40ཙམ་སོང་ཡོད་། གྲོང་མི་ཁག་དང་པོའི་གྲས་ཡིན་པའི་ངོས་ནས་ལྷག་པ་དབང་འདུས་དང་གྲོང་པ་ཁྱིམ་མཚེས་རྙིང་པ་དུད་ཚང་7གྱིས་མཉམ་དུ་སྒོ་རའི་འཕོ་འགྱུར་ལ་དཔང་པོ་ཐུབ་ཀྱི་ཡོད།
“སྔོན་མ་སྒོ་རའི་མདུན་གྱི་ཁོར་ཡུག་བཙོག་ལ་ཟང་ཟིང་ཆེ་བས། སྒོ་རའི་ནང་གོམ་པ་སྤོ་ས་ཡག་པོ་ཞིག་ཀྱང་མེད། ཁོར་ཡུག་བཅོས་སྒྲིག་བྱས་པ་བརྒྱུད། ད་ཆ་སྒོ་ར་ཁམས་གཙང་ཞིང་གྲལ་འགྲིག་པ་དང་། མེ་ཏོག་ཁོག་མ་དང་རྐུབ་སྟེགས་སོགས་གང་དགོས་ཚང་མ་འཛོམས་ཡོད”ཅེས་ད་ཆའི་འཚོ་བའི་སྐོར་གླེང་སྐབས་ལྷག་པ་དབང་འདུས་ཀྱིས་དགའ་སྤྲོའི་ངང་བཤད་པ་དང་། ཁོང་གིས“སྒོ་རའི་ནང་རྒྱ་རིགས་དང་བོད་རིགས་ཙམ་མ་ཟད། མི་རིགས་གཞན་ཡང་སྡོད་པ་དང་། ཁྱིམ་མཚེས་ཕན་ཚུན་སྔར་བཞིན་འཆམ་མཐུན་ཡོད་པས། ཕྲུ་གུ་སྐྱེལ་བསུར་ཡང་རོགས་རམ་བྱེད་པ་དང་། ལོ་གསར་འཆར་བའི་སྐབས་མཉམ་དུ་འཛོམས་ནས་བཟའ་བཏུང་ལ་རོལ་ནས་ཁྱིམ་ཚང་གཅིག་ལྟར་འཆམ་པོ་ཡོད”ཅེས་བཤད།