ཨུ་རུ་སུས་སེམས་ནུས་གཅིག་སྡུད་ཀྱིས་མཐོ་གསར་ལག་རྩལ་འཕེལ་རྒྱས་གཏོང་རྒྱུ་ཡིན།
ཉིན་ཤས་གོང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁབ་ལ་ལས་ཨུ་རུ་སུར་ཕྱི་རྒྱལ་གྱི་མཐོ་གསར་ལག་རྩལ་ཐོབ་པར་བཀག་འགོག་བྱས་ནས་ཨུ་རུ་སུའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་ལྐོག་གཡོ་བཅངས་ཀྱི་མོད། འོན་ཀྱང་ཨུ་རུ་སུས་སེམས་ནུས་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་ཐབས་གསར་པ་བཙལ་ནས་མཐོ་གསར་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བརྗོད།
ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་18ཉིན་ཕུའུ་ཅིང་ཨུ་རུ་སུའི་འཐབ་ཇུས་འཕེལ་རྒྱས་དང་རྒྱལ་ཁབ་རྣམ་གྲངས་ཀྱི་འབྲེལ་ཡོད་ཚོགས་འདུར་ཞུགས་སྐབས། རྒྱལ་ཁབ་ལ་ལས་ཨུ་རུ་སུར་དམིགས་ནས་སྤྱད་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་དཔེར་ན་ཨུ་རུ་སུར་ཕྱི་རྒྱལ་གྱི་མཐོ་གསར་ལག་རྩལ་ཐོན་རྫས་ཐོབ་པར་བཀག་འགོག་བྱེད་ཀྱི་ཡོད། དེ་ཨུ་རུ་སུར་མཚོན་ན་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་མོད། འོན་ཀྱང“ཨུ་རུ་སུས་རང་འགར་དོར་མི་སྲིད་ལ་ཟང་ཟིང་ནང་ལྷུང་ཡང་མི་སྲིད”པ་མ་ཟད“ལོ་བཅུ་ཕྲག་ཁ་ཤས་ཕྱིར་བཤོལ”ཡང་འགྲོ་མི་སྲིད་ཅེས་བརྗོད།
ཕུའུ་ཅིང་གིས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པ་ཤེས་པའི་གནས་ཚུལ་འོག ཨུ་རུ་སུས་སེམས་ནུས་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་ཐབས་གསར་པ་འཚོལ་བ་དང་ད་ཡོད་ཀྱི་རང་རྟེན་ལག་རྩལ་གསོག་འཇོག་བྱས་པ་དག་བེད་སྤྱོད་ནུས་ལྡན་བྱས་ཏེ་རྒྱལ་ཁབ་དེ་གའི་གསར་གཏོད་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཅིང་། ཁོང་གིས་ཨུ་རུ་སུ་འཇིག་རྟེན་དང་ཁ་བྲལ་བའི་གནས་ཚུལ་འོག་འཕེལ་རྒྱས་འགྲོ་མི་སྲིད་པས་མཐོ་གསར་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཁྱབ་ཀྱི་གྲངས་འཛིན་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཚན་རྩལ་ཀུང་སིར་དངུལ་རྩའི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་དང་ལས་གྲྭ་དང་ཆ་འཕྲིན་ལག་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།