དབུ་ཤོག>གསར་འགྱུར།
  • འབད་འཐབ་ལྷོད་མེད་བྱས་པས་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-16

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས། བོད་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    ཏང་གི་འོད་སྟོང་མི་སེམས་ལ་འཕྲོ་བ།

    བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཟླ་ལུང་འདི་ལོ་ལོ་76ལ་སླེབས་ཡོད། བློ་མཐུན་ཞི་ཅིན་ཕིང་བྲག་ཕྱི་གྲོང་ཚོར་ཕེབས་པའི་གནས་ཚུལ་ཁོང་གིས་ད་དུང་གསལ་པོར་ངེས་ཡོད།

    “དུས་རྒྱུན་ང་ལ་སྐད་ཆ་ཤོད་རྒྱུ་མང་པོ་ཡོད། འོན་ཀྱང་བློ་མཐུན་ཞི་ཅིན་ཕིང་མཇལ་དུས་སེམས་འགུལ་ཟབ་མོ་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར་ཏེ་སྐད་ཆ་ཤོད་ཐུབ་མ་བྱུང་། བློ་མཐུན་ཞི་ཅིན་ཕིང་གིས་ང་ལ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་བྱུང་བས། ལུས་ལ་ཉི་འོད་འཕྲོས་པ་བཞིན་སེམས་པ་དྲོ་སོབ་སོབ་ཏུ་གྱུར་བྱུང་། དུས་རབས་གསར་པར་སླེབས་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། བྲག་ཕྱི་གྲོང་ཚོ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“འབྱོར་ཕྱུག་གྲོང་ཚོ”དང་། “གྲགས་ཅན་གྲོང་ཚོ”“ཤེས་དཔལ་གྲོང་ཚོ”བཅས་ལ་གྱུར་ཡོད”ཅེས་ཟླ་ལུང་གིས་བཤད།

    བོད་རྙིང་པར་ཞིང་བྲན་གྱི་ཁྱིམ་དུ་སྐྱེས་པའི་ཟླ་ལུང་གིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་། ལོག་སྤྱོད། གདུག་རྩུབ། རྗེས་ལུས་བཅས་ལ་ཞེན་པ་གཏིང་ནས་ལོག་ཡོད། ཁོང་གིས་གསར་འགོད་པར“བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བྲག་ཕྱི་གྲོང་ཚོའི་ཐུབ་བསྟན་སོགས་ཞིང་བྲན་བདག་པོ་3གྱིས་ཞིང་བྲན་100ལྷག་ཙམ་ལ་གདུག་རྩུབ་ཆེན་པོས་བཤུ་གཞོག་དང་ཡ་ང་སྙིང་རྗེ་མེད་པར་གཉའ་གནོན་བྱེད་ཀྱི་ཡོད”ཅེས་བཤད།

    ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་རང་ཁྱིམ་རང་བདག་བྱེད་དབང་སྤྲད་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། བྲག་ཕྱི་གྲོང་ཚོ་རིམ་བཞིན་ཕྱུག་པོ་ཆགས། 1998ལོར་བྲག་ཕྱི་གྲོང་གསར་ཁྱོན་ཡོངས་ནས་བསྐྲུན་ཅིང་། ལོ་དེར་སྐབས་དེའི་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པའི་སྣེ་ཁྲིད་གནང་སྟེ་དེ་གར་བརྟག་ཞིབ་གནང་བར་ཕེབས། བྲག་ཕྱི་གྲོང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། 1997ལོར་བྲག་ཕྱི་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ཡན་ཟིན་པ་མཁྱེན་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས“ཁྱེད་ཚོས་མུ་མཐུད་འཕེལ་རྒྱས་བཏང་ནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་རེ་བ་ཡོད”ཅེས་གསུངས།

    “སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡང་བསྐྱར་དྲན་ཐེངས་རེར་ངར་སེམས་འགུལ་ཟབ་མོ་ཐེབས་ཀྱི་འདུག རང་ཉིད་ལོ་ན་རྒས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་མཛུབ་ཁྲིད་ཀྱི་ཁ་ཕྱོགས་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཅེས་སེམས་དེ་དྲིན་ཚོར་ཡར་བརྩོན་གྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་པར་བྱས་ཏེ། སྡེ་ཁུལ་གྱི་ལས་བྱེད་པར་གཞོགས་འདེགས་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དངོས་ཡོད་གནད་དོན་བློ་གཅིག་སེམས་གཅིག་གིས་ཐག་གཅོད་བྱས་ཏེ་བྲག་ཕྱིའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་བའི་ཆོད་སེམས་ཡོད”ཅེས་ཟླ་ལུང་གིས་བཤད།

    བདེ་སྐྱིད་ལམ་དུ་སྦྲང་ཆར་ཟིལ་མ་བབས།

    2011ལོའི་ཟླ་7ཚེས་21ཉིན་སྐབས་དེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་སླར་ཡང་བྲག་ཕྱི་གྲོང་ཚོར་ཕེབས་ནས། སྐབས་དེ་དུས་སྐྱེལ་འདྲེན་ལ་བརྟེན་ནས་ཕྱུག་པོར་གྱུར་པའི“རླངས་འཁོར་གྲོང་ཚོར”གཟིགས་པ་དང་འབྲེལ་དགྱེས་ཚོར་ཆེན་པོས་ཡུལ་མི་སྐལ་བཟང་དབང་ཕྱུག་གི་ཁྱིམ་དུ་ཕེབས།

    སྐལ་བཟང་དབང་ཕྱུག་ཁྱིམ་གྱི་མཛོད་ཁང་དུ་ནས་དང་། འབྲས། གྲོ་ཞིབ་སོགས་སྤུངས་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་གྲོང་མི་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྡོད་པ། སྤྱོད་གོ་ཆོད་པའི་ཁྱིམ་ཆས་སྒྲིག་ཡོད། ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་སྤྱོད་པ། འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་བཅས་གཟིགས་སྐབས། བློ་མཐུན་ཞི་ཅིན་ཕིང་ཐུགས་ཤིན་ཏུ་མགུ་པོ་བྱུང་བ་རེད།

    ཆུ་འཐུང་དུས་ཆུ་འགོ་དྲན། དྲིན་དྲན་བཞིན་འབད་བརྩོན་བྱེད། བློ་མཐུན་ཞི་ཅིན་ཕིང་གི་བྱམས་བརྩེ་ཟབ་མོ་སྐལ་བཟང་དབང་ཕྱུག་གི་རྫོགས་མཐའ་མེད་པའི་སྟོབས་ཤུགས་སུ་གྱུར། དུས་དེ་ནས་བཟུང་སྐལ་བཟང་དབང་ཕྱུག་གིས་ཕ་ཡུལ་འཛུགས་སྐྲུན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་སྔར་བས་ཧུར་ཐག་ཞུགས་ཤིང་། ཁོང་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པ་དང་ས་ཁུལ(གྲོང་ཁྱེར)རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ལ་བདམས་པ་རེད།

    2015ལོའི་རྒྱལ་སྟོན་དུས་ཆེན་རིང་། སྐལ་བཟང་དབང་ཕྱུག་བོད་ཀྱི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིའི་གྲས་ཤིག་གི་ངོས་ནས། པེ་ཅིང་དུ་མེས་རྒྱལ་དབུ་བརྙེས་ནས་ལོ་66འཁོར་བའི་འཁྲུངས་སྐར་གྱི་རྟེན་འབྲེལ་བྱེད་སྒོར་ཞུགས། པེ་ཅིང་དུ་ཁོང་ལ་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་སྐལ་བཟང་ཐོབ། ཁོང་ཧང་སང་དགོས་པ་ཞིག་ལ་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ནི“བྲག་ཕྱི་གྲོང་ཚོའི་སྐལ་བཟང་དབང་ཕྱུག”ཡིན་པ་ད་དུང་ཡང་ཐུགས་ལ་ངེས་ཡོད་པ་རེད།

    བརྩེ་བར་ནམ་ཡང་ཕ་མཐའ་མེད། ཉིང་ཁྲིར་ལོག་རྗེས་སྐལ་བཟང་དབང་ཕྱུག་གིས་དུད་ཚང་རེ་རེའི་སྒོ་རྩར་སོང་ནས་ཡུལ་མི་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བརྒྱུད་བསྒྲགས་བྱས་པས་ཚང་མར་ལྕག་སྐུལ་ཆེན་པོ་ཐེབས་ལ་འབད་བརྩོན་གྱི་སེམས་ཤུགས་རབ་ཏུ་འཕེལ་ཡོད།

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་ཅིང་། དེའི་སྐོར་ལ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ད་ཆ་སྐལ་བཟང་དབང་ཕྱུག་གི་ཁྱིམ་ལ་མི་4ཡོད་ཅིང་། རྨོ་ཞིང་མུའུ་12.5དང་། རྩྭ་ས་མུའུ་11.5 ཕྱུགས་རིགས་11 སྐྱེལ་འདྲེན་དང་ཚོང་རྒྱག་པ་སོགས་ལ་བརྟེན་ནས་ལོར་ཁྱིམ་ཚང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་50ཟིན་པ་དང་། ཁྱིམ་ཚང་གི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་25.5ཟིན་ལ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་6.37ཟིན་གྱི་ཡོད་པ་རེད།

    སྲིད་ཇུས་བཟང་ལ་འཚོ་བ་བདེ་ཞིང་སྐྱིད།

    བྲག་ཕྱི་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་ཁོངས་སུ་གཏོགས་ཤིང་། ཉིང་ཁྲི་གྲོང་ཁྱེར་ནས་སྤྱི་ལེ་1ཆོད་པའི་རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཡོད།

    བྲག་ཕྱིའི་སྐོར་གླེང་སྐབས་མི་རྣམས་ཀྱིས“རླངས་འཁོར་གྲོང་ཚོ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    “རླངས་འཁོར་གྲོང་ཚོའི”མིང་གི་བྱུང་ཚུལ་ལས་འདས་དོན་རྣམས་ཡིད་ལ་གསལ་ལེར་འཆར་ཐུབ། ཐོན་སྐྱེད་བྱེད་སྟངས་རྐྱང་པ་ཡིན་པའི་དབང་གིས་བྲག་ཕྱི་གྲོང་ཚོ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ད་དུང་ཡང་གྲོང་ཚོ་དབུལ་པོ་ཞིག་རེད། 1987ལོར་གྲོང་མི་བློ་བཟང་གིས་དངུལ་བུན་སྒོར་5000གཡར་ནས་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་ལས་ལ་གཞོལ།

    “ཏང་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་གྲོང་ཚོ‘ཨུ་ལྷན་གཉིས’ཀྱིས་གྲོང་མིར་རླངས་འཁོར་ཉོ་བ་དང་སྐྱེལ་འདྲེན་བྱས་ཏེ་གྲོང་ཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་པའི་སྐུལ་སློང་བྱས་ཡོད” བྲག་ཕྱིའི་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་དུས་ཐུང་ལོ་ཤས་ནང་ཡུལ་མིས་ཟོག་འདྲེན་རླངས་འཁོར་ཆེ་གྲས་50ལྷག་ཙམ་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་བ་རེད། ཕྱིས་སུ་རྒྱལ་ཁབ་ཀྱིས་ཤིང་རྒྱ་བསྡམས་པས་གྲོང་མིས་ལས་གྲྭའི་འཕྲུལ་ཆས་དང་རླངས་འཁོར་ཉོས་ནས་ལས་གྲྭའི་རྒྱུ་ཆ་དབོར་གྱི་ཡོད་ཅེས་བཤད།

    དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཡང་འགྱུར་བ་མེད་པ་ནི་བརྩེ་བ་རེད།

    2011ལོའི་ཟླ་7པར་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མ་བྲག་ཕྱི་གྲོང་ཚོར་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་ཤིང་། ཁོང་གིས་གྲོང་ཚོའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་གང་ཐུབ་བཅས་བྱས་ཏེ་མི་སེར་གྱི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་འཐོབ་པར་སྔར་བས་སྐུལ་འདེད་གཏོང་དགོས་པའི་མངགས་བཅོལ་གནང་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བྲག་ཕྱི་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བཞིན། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ཧུར་ཐག་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་ཕྱུག་པོ་དང་འབྱོར་འབྲིང་གྲོང་ཚོར་གྱུར་ཡོད།

    “ད་ཆ་གྲོང་ཚོའི་ཁྱིམ་ཚང་ཚང་མ་མེ་ཏོག་ལྡུམ་ར་ཡོད་པའི་ཁང་བཟང་དུ་སྡོད་པས་འཚོ་བ་ཧ་ཅང་ཡག་པོ་ཡོད”ཅེས་མིག་དམར་གྱིས་འཛུམ་དམུལ་དམུལ་ངང་བཤད།

    གྲོང་ཚོ་ཕྱུག་པོར་གྱུར་པ་དང་། ཐོན་ལས་དར་ཞིང་རྒྱས་པ། འབབ་ཁུངས་སྣ་ཚོགས་ཡོད། 2021ལོར་སྡེ་ཁུལ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་3884.58ཟིན་པ་ལས། ཐོན་ལས་དང་པོའི་ཡོང་འབབ་སྒོར་ཁྲི་256.89ཟིན་པ་དེས་6%བཟུང་བ་དང་། ཐོན་ལས་གཉིས་པའི་ཡོང་འབབ་སྒོར་ཁྲི་620ཟིན་པ་དེས་16%བཟུང་བ། ཐོན་ལས་གསུམ་པའི་ཡོང་འབབ་སྒོར་ཁྲི་3007.7ཟིན་པ་དེས་78%བཟུང་བ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5.04ཟིན་པ། མཉམ་སྡེབ་རྒྱུ་ནོར་གྱི་ཚོད་སྐོར་རིན་ཐང་སྒོར་དུང་ཕྱུར་10ཟིན་ཡོད།

    མིག་དམར་ལ་སྤོབས་པ་སྐྱེ་འོས་པའི་བྱ་བ་ཁག་གཅིག་ཡོད་པ་སྟེ། “ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བ”དང་། “ལམ་ལུགས་ལ་བརྟེན་ནས་གྲོང་ཚོར་དོ་དམ་བྱེད་པ” “སྐྱེ་ཁམས་ལ་བརྟེན་ནས་གྲོང་ཚོ་མཛེས་སུ་གཏོང་བ”བཅས་རེད།

    ཡུལ་ལྗོངས་མཛེས་པོ་ལེགས་པར་སྲུང་། ཡུལ་དུས་ཡག་པོ་འཛུམ་གྱིས་བསུ།

    “སྡེ་ཁུལ་དེ་བས་མཛེས་པ་དང་། ཡུལ་མི་དེ་བས་ཕྱུག་པོ་ཡོང་བར་བྱེད” མིག་དམར་གྱིས་མེ་ཏོག་དང་རྩྭ་རྩི་ཤིང་གིས་བརྒྱན་པའི་སྤྲོ་ཁང་རྣམ་པའི་མི་སེར་གྱི་ཁང་པར་མཛུབ་མོ་འཛུགས་བཞིན་དུ“འདི་དག་ཚང་མ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་ཞིག་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།