“སྐུ་ཉིད་ཕེབས་པར་དགའ་བསུ་ཞུ། སྔོན་ལ་དབུ་སྐྲ་འཁྲུ་བར་ཕེབས”ཞེས་གྱོན་ཆས་ནག་ཁྲ་གྱོན་པའི་ཨ་ཅག་རྒྱགས་པ་ཞིག་གིས་འཛུམ་དམུལ་དམུལ་ངང་སྐུ་མགྲོན་ལ་བསུ་བ་ཞུས།
ཨ་ཅག་ཁོང་གི་མིང་ལ་སྒྲོལ་མ་ཟེར་བ་དང་འདི་ལོ་ལོ་30ལ་སླེབས་ཀྱི་ཡོད། ཁོང་གིས་སྐུ་མགྲོན་གྱི་སྐྲ་འཁྲུད་སྟངས་ལ་བལྟས་ན་ལས་ཀ་དེ་བྱས་ནས་ལོ་མང་པོ་སོང་བ་ཤེས་ཐུབ།
“ཐོག་མར་ལས་ཀ་དེར་སུན་སྣང་སྐྱེ་གི་འདུག སྐུ་མགྲོན་གྱི་སྐྲ་འཁྲུད་སྐབས་ཉིན་གང་ལངས་དགོས་པས་རྐང་པ་ན་བ་མ་ཟད། ལག་པའང་གས་ཀྱི་འདུག དགུན་ཁ་དེ་བས་ཁག་པོ་འདུག”ཅེས་སྐྲངས་སྦོས་ཐེབས་པའི་ལག་པ་དེ་གསར་འགོད་པར་བསྟན་བྱུང་།
སྒྲོལ་མ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནས་ཡིན་པ་དང་། ཆུང་དུས་གྲོང་གསེབ་ཏུ་འཚར་ལོངས་བྱུང་བར་བརྟེན་དཀའ་སྡུག་མྱོང་ཐུབ་མཁན་ཞིག་རེད། དམའ་རིམ་སློབ་འབྲིང་ཐོན་རྗེས། རང་ཉིད་དང་ལོ་ན་མཉམ་པའི་གཞོན་ནུ་གྲོང་ཁྱེར་དུ་ལས་ཀར་འགྲོ་བ་མཐོང་སྐབས། ཁོ་མོ་ཡང་ཕྱིར་ལས་ཀར་འགྲོ་འདོད་ཆེ། ནང་མི་དང་གྲོས་བསྡུར་བྱས་རྗེས། སྒྲོལ་མ་ལྷ་སར་བསྐྱོད་དེ་ལས་ཀ་འཚོལ་བར་ཕྱིན། རིག་གནས་ཆུ་ཚད་དམའ་བ་དང་ལག་རྩལ་མི་ཤེས་སྟབས་ལས་ཀ་མང་པོ་ཞིག་བརྗེ་དགོས་བྱུང་།
སྒྲོལ་མ་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་སྐབས། ཉིན་ལྟར་ཕོ་གཞོན་ཞིག་ཟ་ཁང་དུ་ཞོགས་ཟས་བཟའ་བར་ཡོང་གི་ཡོད། དེ་ལྟར་ཁོང་གཉིས་ཕན་ཚུན་ངོ་ཤེས་ནས་འདྲིས་རྗེས་ཆང་ས་བརྒྱབ།
སྒྲོལ་མའི་བཟའ་ཟླ་སི་ཁྲོན་ཤེ་ཧུང་ནས་ཡིན་པ་དང་ལས་ཡུལ་ཞིག་གི་གླ་པ་རེད། ཆང་ས་བརྒྱབ་ནས་ཡུན་རིང་མ་སོང་བར་སྒྲོལ་མ་ཁྱོ་གའི་ཕ་ཡུལ་དུ་ཕྲུ་གུ་བཙའ་བར་ཕྱིན། ཁྱིམ་དུ་ཕྲུ་གུ་ལྟ་ཞོར་སྒྱུག་མོར་ཞིང་ལས་བྱེད་རོགས་དང་གྲོང་པ་ཕན་ཚུན་ཡང་འཆམ་པོ་ཡོད་པས་སི་ཁྲོན་གྱི་རྒྱ་སྐད་ཆུ་རྒྱུག་རྒྱུག་ཤེས།
བུ་མོ་བུ་བཅོལ་ཁང་དུ་སྐྱེལ་བའི་མཚམས་སུ། བུ་མོ་སྒྱུག་མོར་བཅོལ་ནས་རང་ཉིད་ཁྱོ་ག་དང་མཉམ་དུ་ལྷ་སར་ལོག་ཡོང་། “ལྷ་སར་ལོག་རྗེས་ལག་རྩལ་ཞིག་སྦྱངས་ནས་ལས་ཀ་ཡག་པོ་ཞིག་འཚོལ་རྒྱུའི་བློ་ཐག་བཅད”སྐྲ་བཞར་ཁང་ཞིག་གིས་ལས་མི་བསྡུ་བ་མཐོང་སྐབས། སྒྲོལ་མས་མིང་ཐོ་བཀོད། སྡུག་སྲན་བཟོད་ཐུབ་མཁན་ཞིག་ཡིན་སྟབས་སྐྲ་འཁྲུད་སྟངས་ཤེས་རྗེས་ངལ་རྩོལ་གན་རྒྱ་བཞག་ནས་འདི་གར་ལས་ཀ་བྱས་ཏེ་ད་བར་ལོ་ཁ་ཤས་སོང་།
“ཁྱོ་ག་དང་མཉམ་དུ་ལས་ཀ་ཧུར་ཐག་བྱས་ནས་དངུལ་བསགས་ཏེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྩིས་ཡོད”ཅེས་ཁོ་མོས་བརྗོད།