སྤོ་བོ་རྫོང་རྒུ་ཤང་བཤོལ་བ་ཁ་གྲོང་ཚོའི་ཡུལ་མི་པད་མ་གཡུ་སྒྲོན་ཉེ་དུས་ལས་བྲེལ་ཆེ་ཞིང་། “ང་ཚོས་ཉིན་གང་རྩྭ་ངན་བཀོག་གི་ཡོད། དེ་འདྲ་བྱས་ན་ཇ་ལོའི་སྡོང་པོ་སྐྱེ་འཚར་དེ་བས་ཡག་པོ་ཡོང་གི་འདུག”ཅེས་སྤོ་བོ་རྫོང་གཙང་ཀྲི་ཤིན་སྐྱེ་ཁམས་ཇ་ཞིང་ར་བར་ལས་ཀ་བྱེད་བཞིན་པའི་སྤོ་བོ་རྫོང་རྒུ་ཤང་བཤོལ་བ་ཁ་གྲོང་ཚོའི་ཡུལ་མི་པད་མ་གཡུ་སྒྲོན་གྱིས་རྔུལ་ཆུ་འཕྱི་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།
པད་མ་གཡུ་སྒྲོན་གྱིས། དེ་སྔོན་ཇ་ཞིང་ར་བ་བཙུགས་མེད་པའི་དུས་སུ་ས་གནས་དེ་གའི་ཡུལ་མི་ཚོས་གཙོ་བོ་ནས་ཞིང་འདེབས་པ་དང་རི་སྟེང་དུ་རི་སྐྱེས་སྡོང་ཕུང་འཐུ་བར་བརྟེན་ནས་ཡོང་འབབ་གསོག་གི་ཡོད། “སྐབས་དེ་དུས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཅིག་ཀྱང་ཟིན་གྱི་མེད། ད་ཆ་ཇ་ཞིང་ར་བ་ཁྱིམ་དང་བར་ཐག་ཉེ་པོ་ཡོད་ལ། ཟླ་རེར་གླ་ཆ་སྒོར་སྟོང་ཕྲག་ཁ་ཤས་ལེན་རྒྱུ་ཡོད། གྲོང་ཚོའི་ནང་གི་བུད་མེད་ཚོས་མཉམ་དུ་ལས་ཀ་བྱེད་པ་མ་ཟད། ད་དུང་ཁྱིམ་ཚང་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་པས། དངོས་གནས་ཡག་པོ་འདུག”ཅེས་གསར་འགོད་པར་བཤད།
སྤོ་བོ་རྫོང་གཙང་ཀྲི་ཤིན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་ཝུའེ་ཡིས། ཇ་ཞིང་ར་བའི་རྣམ་གྲངས་ལ་ཁྱོན་ཞིང་འབྲོག་པའི་ས་ཞིང་མུའུ་1020ནང་བཤུག་བཏང་ཡོད། གཙོ་བོ་ཝུའུ་ལུང་ཇ་དང་པའེ་ཇ་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། དུས་ཡུན་རིང་པོའི་ནང་བཤོལ་བ་ཁ་གྲོང་ཚོའི་མང་ཚོགས་35ས་ཆ་དེ་གར་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་མི་རེར་ཟླ་རེར་གླ་ཆ་སྒོར་6000སྤྲོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
“མང་ཚོགས་ཚོས་ཇ་ཤིང་འདེབས་པའི་ལག་རྩལ་གང་མགྱོགས་ཁོང་དུ་ཆུད་ནས་སྤོ་བོ་རྫོང་གི་དེང་རབས་ཇའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ད་དུང་ང་ཚོས་རྩལ་ནུས་གསོ་སྦྱོང་ལམ་སྲོལ་བཙུགས་ནས་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་། ཞིང་ནང་དུ་བཀོལ་སྤྱོད། ཕྱོགས་བསྡུས་རྩལ་ནུས་གསོ་སྦྱོང་བཅས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད། ས་གནས་དེ་གའི་ཞིང་འབྲོག་པར་ཇ་ལོ་འདེབས་པའི་ལག་རྩལ་བསླབས་པ་ཡིན། མིག་སྔར་ས་གནས་དེ་གའི་ཇ་ཞིང་འདེབས་འཛུགས་དང་། སྲུང་སྐྱོང་། དོ་དམ་སོགས་བྱེད་མཁན་ལག་རྩལ་རྐང་འཛིན་པ་16གསོ་སྐྱོང་བྱས་ཡོད”ཅེས་ཁྲེན་ཝུའེ་ཡིས་ངོ་སྤྲོད་བྱས། སྤོ་བོ་རྫོང་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་ཁུང་ཏེ་ཤན་གྱིས། འདི་ནི་སྤོ་བོ་རྫོང་གིས་རྫོང་གི་དོན་དངོས་ལ་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། མང་ཚོགས་ལ་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི“མཉམ་འདྲེས་གཉིས་དང་སྐུལ་འདེད་གཉིས”ཐུབ་པར་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་ངོ་སྤྲོད་བྱས།
ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོའི་བོད་ཀྱི་རི་སྐྱེས་སྡོང་ཕུང་གསོ་སྤེལ་རྟེན་གཞིའི་ནང་དུ་བཙུགས་པའི་ཁ་དོག་དམར་པོ་དང་། སེར་པོ། སྔོན་པོ་བཅས་ཀྱི་བྱང་བུ་ཆུང་ཆུང་དེ་དག་མངོན་གསལ་དོད་ཅིང་། ས་རྒྱུ་གཤིན་ལ་དྲོད་ཚད་སྙོམས་པའི་ཁོར་ཡུག་ཁྲོད་བོད་ཀྱི་སྡོང་ཕུང་གི་སྡོང་ཕྲུག་སྐྱེ་འཚར་ཡག་པོ་ཡོང་བཞིན་འདུག
སྤོ་བོ་རྫོང་གི་ས་མཐོའི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཕུའུ་རུང་གིས། མིག་སྔའི་བར་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་4300བཏང་བ་དང་། བོད་ཀྱི་སྡོང་ཕུང་འདེབས་ཁྱོན་མུའུ་1700ལྷག་ཙམ་ཟིན་ནས། ད་ཆ་འདེབས་འཛུགས་དཔེ་སྟོན་ས་ཚིགས་ཀྱི་རང་བྱུང་གྲོང་ཚོ་16གི་དུད་ཚང་60ལྷག་ཙམ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་། ས་གནས་དེ་གའི་ཞིང་འབྲོག་པ་མི་ཐེངས་4100ལྷག་ཙམ་གླས་ནས་ས་གནས་དེ་གའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་གསར་འགོད་པར་བཤད།
འདོང་རོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིག་འཛིན་ཆོས་འཕེལ་གྱིས“སྡོང་ཕུང་གསོ་ཚགས་རྟེན་གཞིའི་ལས་མི་སྤྱོད་མཁན་མཐུན་ཚོགས་ཀྱིས་སྔ་སྣུར་དུ་ང་ལ་འབྲེལ་བ་བྱས་པ་དང་། དེ་རྗེས་ངས་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ནས་རེས་མོས་ལས་ཀ་བྱེད་དུ་བཅུག་པ་ཡིན། སྡོང་ཕུང་ཐོན་སྐྱེད་བྱེད་སྐབས་ཉིན་གཅིག་ལ་མི་20ལྷག་ཙམ་དགོས་པ་དང་། མི་རེར་ཉིན་གླ་སྒོར་200ལྷག་ཙམ་ཡོད། ཐག་ཉེ་ལ་སྟབས་བདེ་པོ་ཡོད་པས། འདི་ཁུལ་དུ་ལས་ཀ་བྱས་ན་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་1ནས་2བར་ཡོང་གི་ཡོད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཕན་གྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་གྱིས་ཇ་ལོ་དང་། སྡོང་ཕུང་། རླམ་རྩ་ཕོ་སུལ་བཅས་འདེབས་འཛུགས་དང་བོད་ཕག་གསོ་ཚགས་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“2+3+1”གི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཐག་སྣུར་སྲིང་ནུས་ལྡན་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ། ཁྱད་ལྡན་ཐོན་ལས་དང་མི་རིགས་མཐུན་སྒྲིལ་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། “འདི་གར་ཚང་མ་ཁྱིམ་ཚང་གཅིག་ལྟར་ཞི་མཐུན་མཉམ་གནས་རེད”ཅེས་ཁྲེན་ཝུའེ་ཡིས་བཤད་པ་དང་། ཁོང་གིས། བཤོལ་བ་ཁ་གྲོང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་སྟེ། ཚང་མས་གཅིག་སེམས་གཅིག་འབྲེལ་དང་ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བར་བྱས་ཁར། རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རིང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་མྱོང་ཚོར་ཟབ་མོས་བཤད།
2020ལོའི་ཟླ་9པར། ལོ་34ལ་སླེབས་པའི་ཡུན་ནན་ཀྲའོ་ཐུང་བ་ཀྲང་ཅིན་ལེ་སྤོ་བོ་རྫོང་ས་མཐོའི་བོད་ཀྱི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ལས་ཀ་བྱེད་པར་ཡོང་བ་རེད། 2021ལོའི་ཟླ་དགུ་པར་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ཁོང་ལས་ལོ་11གིས་ཆུང་བའི་བསམ་སྐྱིད་སྒྲོལ་མ་ངོ་ཤེས་པ་དང་། ཁོང་གཉིས་ཐུག་ཐེངས་དང་པོ་ཁོ་ནར་ཕན་ཚུན་ཡིད་ལ་འཐད་ནས་མི་རིང་བར་གཉེན་སྒྲིག་བྱས།
བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ནི་རྟག་ཏུ་དྲོ་སྐྱིད་དང་བརྩེ་བས་ཕྱུག་པ་ཞིག་རེད། གཉེན་སྒྲིག་བྱས་རྗེས་ཀྲང་ཅིན་ལེ་ཡིས་སྔོན་མ་ལྟར་བསམ་སྐྱིད་སྒྲོལ་མར་བྱམས་སྐྱོང་བྱེད་ཅིང་། ལས་ཀ་ཁག་པ་ཚང་མ་རང་ཉིད་ཀྱིས་བྱེད་པ་དང་ཆེད་མངགས་ཁོང་གི་ཆེད་སྒོ་རའི་ནང་མེ་ཏོག་བཏབ་པ་མ་ཟད། ད་དུང་ཁོ་མོ་རི་ལ་ཤ་མོ་རྐོ་བར་སྐྱོད་རིམ་བཞིན་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་པའི་མངགས་བྱ་བྱེད་ཀྱི་ཡོད།
འཚོ་བ་དེ་བས་ཡག་པ་ཞིག་སྐྱེལ་ཆེད། ཁོང་བཟའ་ཚོས་སྡོང་ཕུང་འདེབས་འཛུགས་ལས་ལ་ཞུགས་ཤིང་། “ན་ནིང་ང་ཚོའི་གྲོང་ཚོའི་ཡུལ་མི་ཁག་གཅིག་ལ་སྡོང་ཕུང་བཏབ་ནས་ཡོང་འབབ་ཡག་པོ་བྱུང་འདུག འདི་ལོ་ང་ཚོ་ཚུད་པའི་དུད་ཚང་17གྱིས་སྡོང་ཕུང་3200བཏབ་པ་ཡིན། སང་ལོར་ལོ་ལེགས་བྱུང་ནས་འཚོ་བ་དེ་བས་ཡག་ཏུ་འགྲོ་བའི་རེ་བ་ཡོད”ཅེས་ཀྲང་ཅིན་ལེས་འབྱུང་འགྱུར་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
སྤོ་བོ་རྫོང་དུ་ཇ་ལོ་འཕེལ་རྒྱས་གཏོང་བའམ་ཡང་ན་སྡོང་ཕུང་འདེབས་འཛུགས་བྱེད་པ་གང་ཞིག་ཡིན་རུང་། ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་དོན་དངོས་དང་ཉེ་བཅར་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། སྤོ་བོ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་དབྱང་ལིས། གོམ་སྟབས་རྗེས་མར། སྤོ་བོ་རྫོང་གིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་བཏང་སྟེ། ཞིང་འབྲོག་པ་ཧུར་ཐག་ཞུགས་པའི་ཡིད་དབང་འགུག་པ་དང་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱེད་རིང་མཐུན་སྒྲིལ་ཟབ་ཏུ་དང་ཞི་མཐུན་མཉམ་གནས་དེ་བས་ལེགས་པ་ཡོང་བར་བྱས་ནས་རྫོང་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་བར་བྱེད་ཀྱི་ཡིན་ཞེས་བཤད།