དབུ་ཤོག>གསར་འགྱུར།
  • མཐའ་མཚམས་འགག་སྒོར་རྒྱལ་གཅེས་ཀྱི་ལྷག་བསམ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2022-07-10

    ed753d9e-8318-47f9-9062-8b6cff8cecbc.jpg.jpg

    འདི་ནི་སྒྲོལ་དཀར(གཡས)གྱིས་བུ་མོ་པ་སངས་སྒྲོལ་དཀར་ལ་ཁོང་གིས་ཡུལ་སྨད་ཤང་དུ་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བསྲུངས་བའི་གཏམ་རྒྱུད་བརྗོད་བཞིན་པ།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་བརྟན་མཐའ་དར་ནང་ཧུར་ཐག་ཞུགས་ནས་མཐའ་མཚམས་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད། ཐོན་ལས་བཀོད་སྒྲིག་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་ཡོད།

    མེས་རྒྱལ་གྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་པ།

    གདོད་མའི་ནགས་ཚལ་སྒྲོལ་རྗེས་མིག་ལམ་དུ་འཆར་བ་ནི“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པའི་ཡིག་འབྲུ་དམར་པོ་དེ་དག་རེད་འདུག དེ་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་། ཕ་སངས་རྒྱས་ཆོས་པའི་དད་སེམས་བརྟན་པོ་ཞིག་རེད། ཁོང་ཚོས་རི་ཁུག་གི་ནགས་ཚལ་སྟུག་པོ་དང་གངས་རི་དང་རྩྭ་ཐང་དུ་ལོ་བཅུ་ཕྲག་ཉིན་གཅིག་ལྟར་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་སྲུང་བཞིན་ཡོད།

    དེ་སྔ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་ལ“ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང”ཞེས་འབོད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་ཕ་དང་བུ་མོ་གཉིས་དེ་གར་འཚོ་བ་བསྐྱལ་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཧ་ཉིད་གོ་བ་ནས་བཟུང་ཉིན་རེའི་འཚོ་བ་ཧ་ལམ་འདི་ལྟར་སྐྱེལ་གྱི་ཡོད་པ་སྟེ། ཐོ་རེངས་ཆུ་ཚོད་བཞི་པ་དང་ལྔ་པ་ཙམ་ལ་མལ་ལས་ལངས་པ་དང་ནམ་མ་ལངས་གོང་ནོར་ཁྱུ་རིར་འདེད་ཀྱི་ཡོད། ས་རུབ་གྲབས་ཡོད་པའི་མཚམས་སུ་ནོར་གྱི་དྲིལ་བུའི་སྒྲ་སླར་ཡང་འབྲོག་པའི་སྒོ་འགྲམ་དུ་གྲགས་ནས་བྲེལ་འཚུབ་ཆེ་བའི་ཉིན་གཅིག་གི་ལས་ཀ་ཚར་བ་མཚོན་གྱི་ཡོད།

    ཕྱུགས་འཚོ་བ་ཕུད། ནང་མི་ཚང་མའི་འཚོ་བའི་ཁྲོད་ཀྱི་གལ་ཆེ་ཤོས་ཀྱི་བྱ་བ་ནི་རྒྱལ་དར་བསྒྲེང་རྒྱུ་དེ་རེད།

    སངས་རྒྱས་ཆོས་པས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་འོག་བུ་མོ་གཉིས་ལ“འདི་ནི་རྒྱལ་ཁབ་ཡིན། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད”ཅེས་བཤད།

    སྤྱིར་བཏང་གི་ལོ་ཟླ་དེའི་ནང་གཅེན་གཅུང་གཉིས་ཀྱིས་ཕ་དང་འདྲ་བར་ཐོག་མའི་བསམ་འདུན་བཟང་པོ་འཆང་བཞིན“ཡུལ་སྨད་ནི་ང་ཚོ་མི་རབས་ནས་མི་རབས་བར་གྱི་འཚོ་བ་སྐྱེལ་ས་ཡིན་པས། དཀའ་ངལ་ཇི་ལྟར་ཆེ་རུང་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཡག་པོ་བསྲུང་རྒྱུ་ཡིན”ཞེས་བཤད།

    རི་ཚོགས་ཀྱིས་བསྐོར་བའི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་རིན་ཆེན་སྒང་གྲོང་ཚོར་རིམ་པ་སྟར་ཆགས་བཞིན་གནས་པའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་སྟེང་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག རི་ལམ་ཀྱག་ཀྱོག་གཅིག་གྲོང་ཚོའི་གསེབ་ནས་གདོད་མའི་ནགས་ཚལ་དང་གཡང་གཟར་མང་པོ་བརྒྱུད་དེ་མཐར“སྤྲིན་གསེབ་ཀྱི་སོ་ལྟ་ཁང”ཞེས་འབོད་པའི་བྲག་ཉག་བར་བསྲིངས་འདུག

    རིན་ཆེན་སྒང་གྲོང་ཚོའི་ཟླ་སྐྱིད་དང་། ཚེ་རིང་ཆོས་སྒྲོན། བུ་ཁྲིད་བཅས་བོད་རིགས་ཀྱི་རྒན་མོ་གསུམ་གྱིས་ལམ་ཆུང་ཀྱག་ཀྱོག་དེ་བརྒྱུད་ཁ་བ་བུ་ཡུག་ལ་མ་འཛེམས་པར་དཔུང་སྡེའི་དཔོན་དམག་ཚོར་ཚལ་དང་འཕྲིན་ཡིག་སྐྱེལ་རོགས་བྱེད་ཀྱི་ཡོད།

    མཐའ་སྲུང་འཐབ་འཛིང་པ་ཚོས་རྒྱལ་ཁབ་ལྟ་སྲུང་བྱེད་པ་དང་མཐའ་མཚམས་མང་ཚོགས་ཀྱིས་འཐབ་འཛིང་པར་ལྟ་སྐྱོང་བྱེད་ཀྱི་ཡོད། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་བགྲང་བྱ་བཞི་བཅུ་ཙམ་བསྐྱངས་པའི་ལེའུ་གསར་རྩོམ་བཞིན་ཡོད། ད་ཆ་རིན་ཆེན་སྒང་གྲོང་ཚོར་མཐའ་སྲུང་སོ་ལྟ་ཁང་དུ་ཚལ་སྐྱེལ་མཁན་གྱི་ཡུལ་མི་ཇེ་མང་དུ་འགྲོ་བཞིན་ཡོད།

    རི་ཆུ་ཐམས་ཅད་ཁྱིམ་གཞིས་ཡིན།

    གཡག་ཤར་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁྱུང་གླིང་གྲོང་ཚོ་ནས་ཡིན་པ་དང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཁོང་གིས་གྲོང་ཚོའི་བུད་མེད་འགའ་ཞིག་སྒྲིག་འཛུགས་བྱས་ནས“ལྷོ་པའི་བསླས་འཐག་གི་ཞིང་འབྲོག་པའི་མཉམ་ལས་ཁང”བཙུགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད། གཡག་ཤར་གྱིས“ཡུལ་མིའི་ཡོང་འབབ་མང་དུ་ཕྱིན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དེ་བས་ལེགས་པར་ཐུབ་ཡོད”ཅེས་བཤད།

    ཁྱུང་གླིང་གྲོང་ཚོར་ནགས་ཚལ་སྟུག་པོ་དང་། གངས་རི་དཀར་པོ། ས་མཐོའི་རྩྭ་ཐང་སོགས་ཁྱད་དུ་འཕགས་པའི་སྐྱེ་ཁམས་ཐོན་ཁུངས་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་ཞུགས་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་ཡོད།

    མཐའ་མཚམས་འཕེལ་རྒྱས་ཕྱིན་ན་མཐའ་མཚམས་མི་སེར་ཕྱུག་པོར་གྱུར་པ་དང་མཐའ་མཚམས་མི་སེར་ཕྱུག་པོར་གྱུར་ན་མཐའ་སྲུང་སྲ་བརྟན་ཡོང་ཐུབ།

    བདེ་མཆོག་གྲོང་ཚོ་བོད་ལྗོངས་མངའ་རིས་ས་ཁུལ་བཀྲ་ཤིས་སྒང་ཤང་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་གྱི་ཡོད། དུས་རབས་20པའི་ལོ་རབས་60བཟུང་གི་དུད་ཚང་3ནས་ད་ལྟའི་དུད་ཚང་51བར་མང་དུ་ཕྱིན་ཡོད། “རབས་དང་པོའི”རག་སྐྱོར་ནས“རབས་ལྔ་པའི”སྒོ་ར་རང་འགྲིག་གི་ཁང་བཟང་བར་འགྱུར་ལྡོག་ཕྱིན་ཏེ་ཆུ་གློག་ལམ་གསུམ་དང་། འཕྲིན་གཏོང་། དྲ་རྒྱ་བཅས་ཕྱོགས་ཡོངས་ལ་ཁྱབ་ནས་འདི་གར་ཀྲུང་གོའི་མཐའ་མཚམས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བའི་མཚོན་བྱེད་ཙམ་དུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་རི་བོ་ཧི་མ་ལ་ཡའི་གསེབ་ཀྱི་ལམ་ཐག་རིང་ཞིང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་རི་གྲོང་མང་པོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ནས“མཐའ་མཚམས་ཀྱི་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག”རེ་རེར་གྱུར་ཡོད། 2021ལོའི་ལོ་མཇུག་བར་བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་620ལྷག་ཙམ་ཚང་མ་བསྐྲུན་ཟིན་ཡོད་པ་རེད།

    མེས་རྒྱལ་དང་མི་དམངས་ཀྱིས་བརྗེད་མི་སྲིད།

    ཕུ་མ་བྱང་ཐང་ཤང་གི་ས་བབ་མཐོ་ཚད་སྨི་5373ཟིན་པ་དང་། དེ་གར་གསོ་རླུང་དཀོན་ཞིང་གྲང་ངར་ཤིན་ཏུ་ཆེ། རྟག་ཏུ་ཁ་བ་བུ་ཡུག་ཀྱང་འཚུབ་ནས་སྐྱེ་ཁམས་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད།

    བོད་ལྗོངས་སྣ་དཀར་རྩེ་མཐའ་མཚམས་དོ་དམ་རུ་ཆེན་གྱི་སློབ་སྟོན་པ་བསོད་ནམས་དར་རྒྱས་ཀྱིས་ཉེན་རྟོག་པའི་ལས་ལ་གཞོལ་ནས་ལོ་12སོང་བ་དང་། སྔར་ནས་ད་བར་ས་བབ་མཐོ་ཚད་སྨི་4000ཡན་གྱི་མཐའ་མཚམས་ཁུལ་དུ་ལས་ཀ་བྱས། 2016ལོར་ཁོང་གིས་ཕུ་མ་བྱང་ཐང་ཤང་དུ་ལས་ཀ་བྱེད་པར་འགྲོ་རྒྱུར་རང་འགུལ་ངང་རེ་འདུན་ཞུས་ནས་ལས་ཀ་ལོ་བཞི་བྱས་ཡོད།

    “ང་ནི་དྭ་ཕྲུག་ཅིག་ཡིན། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་ང་རང་རི་གྲོང་ནས་ཐོན་ཏེ་སློབ་ཆེན་འགྲིམས་པའི་བསྐལ་བཟང་ཐོབ་ནས་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པར་གྱུར་བྱུང་། རང་ཉིད་འཚར་ལོངས་བྱུང་བའི་ས་ཆ་བརྟན་སྲུང་བྱེད་པ་ནི་རང་ཉིད་ཀྱི་འགན་འཁྲི་ཡིན་ལ་ཏང་གིས་རང་ཉིད་གསོ་སྐྱོང་བྱས་པར་དྲིན་ལན་འཇལ་ཆེད་དེ་བས་ཡིན”ཞེས་བསོད་ནམས་དར་རྒྱས་ཀྱིས་བཤད།

    ཕུ་མ་བྱང་ཐང་ཤང་དུ་ཁོང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་དང་ཁྱིམ་ཚང་ཚང་མར་བསྐྱོད་ནས་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་ཆེན་པོ་བྱེད་ཅིང་། སྔ་རྗེས་སུ་ཡུལ་སྐོར་བ་500ལྷག་ཙམ་དང་རླངས་འཁོར་200ལྷག་ཙམ་ལ་རོགས་སྐྱོབ་བྱས་པ་མ་ཟད། ད་དུང་འབྲོག་པའི་ཐོན་སྐྱེད་ཕྱུག་འགྱུར་ཆེད་ཐབས་ལམ་འཚོལ་རོགས་ཀྱང་བྱས་ཡོད།

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་2000ལྷག་ཙམ་ཆོད་ཡོད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4100ཟིན་པ་དང་། གངས་རི་མཐོ་ཞིང་གྲོག་རོང་ཤིན་ཏུ་གཟར་པོ་ཡོད།

    “རྒྱལ་མཚམས་ནས་སྒྲོལ་མཁན་འདུག་གམ། ང་ཚོའི་འབྲོག་རར་ནོར་ཁྱུ་སླེབས་སོང་ངམ། གྲོང་ཚོའི་འབྲི་གཡག་གང་དུ་སླེབས་སམ་ལ་སོགས་པ་ནི་ཕྱུགས་འཚོ་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་རེད” ཚོ་སྲིབ་གསུམ་དཀྱིལ་ཤང་སྦྲ་ཁ་གྲོང་ཚོའི་མང་ཚོགས་བསོད་ནམས་སྟོབས་རྒྱལ་གྱིས། “ང་ཚོའི་རྐང་འོག་གི་ས་ཆ་ནི་མེས་རྒྱལ་ཁོངས་སུ་གཏོགས་པས་ང་ཚོ་ནམ་ཡང་འདི་གར་སྡོད་ངེས་ཡིན”ཞེས་བཤད།

    ཁ་བ་བུ་ཡུག་ཁྲོད་མཐའ་མཚམས་འགག་སྒོ་བསྲུངས་ཏེ་ལྷག་བསམ་རྣམ་དག་མཚོན་པར་བྱེད་པ་དང་། ཁྱིམ་ཚང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ལས་འགན་སེམས་ལྷག་པར་མངོན་བཞིན་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལྷག་བསམ་རྣམ་དག་དང་བརྟན་སྲུང་བྱས་ནས་མེས་རྒྱལ་མཐའ་མཚམས་ཀྱི་འཐབ་ས་དང་པོར་གཞོམ་ཞིག་མེད་པའི་ལྕགས་རི་རིང་པོ་ཞིག་བསྐྲུན་དང་སྐྲུན་མུས་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།