ཁ་ལོ་བ་ཚོས་མི་བགྲོད་ལམ་བུར་མི་སྔོན་ལ་གཏོང་བའི་འགྲིམ་འགྲུལ་འདུ་ཤེས་ཟབ་ཏུ་གཏོང་ཆེད། སྔར་ནས་ད་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། མི་བགྲོད་ལམ་བུར་གོ་རིམ་ལྡན་པའི་ངང་འགྲུལ་པ་བསྐྱོད་པའི་སྒྲིག་ལམ་བཟོ་བ་དང་དེར་སྲུང་སྐྱོང་བྱེད་བཞིན་ཡོད། དེ་དང་ཆབས་ཅིག འགྲུལ་བཞུད་པར་གཞུང་ལམ་སྒྲོལ་སྐབས་མི་བགྲོད་ལམ་ཐིག་གམ་ཡང་ན་མཁའ་ཟམ་ནས་བསྐྱོད་དགོས་པའི་ཁྲིད་སྟོན་ཧུར་ཐག་བྱས་ནས། གྲོང་མིའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཡ་རབས་ཀྱི་འགྲིམ་འགྲུལ་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
མིག་སྔར། ལྷ་ས་གྲོང་ཁུལ་གྱི་ཚེ་སྨོན་གླིང་ལམ་མདོ་དང་མཆོད་རྟེན་དཀར་པོའི་ལམ་མདོ་སོགས་ལམ་མདོ་16ལ“མི་སྔོན་ལ་གཏོང་དགོས”ཞེས་པའི་མཚོན་རྟགས་བཟོས་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྒྲིག་ལམ་དོ་དམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཟླ་སྐྱིད་ཀྱིས“ང་ཚོས་གྲོང་ཁུལ་གྱི་འགྲོ་ལམ་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ‘མི་སྔོན་ལ་གཏོང་དགོས’ཞེས་པའི་མངོན་གསལ་དོད་པའི་ཡི་གེ་བཟོས་པ་མ་ཟད། ཁ་ལོ་བ་ཚོས་གསལ་པོ་མཐོང་ཐུབ་ཆེད་མཚོན་རྟགས་ཡི་གེ་དེ་དག་རླངས་འཁོར་ཁ་འགོག་སའི་མདུན་ཕྱོགས་སུ་བཀོད་སྒྲིག་བྱས་ནས། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ཁ་ལོ་བ་ཚོར་རང་འགུལ་ངང་མི་སྔོན་ལ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཏེ། བདེ་འཇགས་ངང་གཞུང་ལམ་སྒྲོལ་བར་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
གཏན་འབེབས་ལྟར་འཕྲུལ་སྒུལ་འཁོར་རིགས་ཀྱིས་མི་སྔོན་ལ་མ་བཏང་ཚེ་སྐར་མ་གཅོག་རྒྱུ་མ་ཟད་དངུལ་ཆད་ཀྱང་གཅོད་རྒྱུ་ཡིན་པ།
འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ཚོས་མི་འགྲོ་ས་ནས་སྐྱོད་སྐབས་གཏན་འབེབས་ལྟར་མྱུར་ཚད་དལ་དུ་མི་གཏོང་བ་དང་། རླངས་འཁོར་ཁ་མི་འགོག་པ། མི་སྔོན་ལ་མི་གཏོང་བ་བཅས་བྱས་ཚེ་སྐར་མ་གསུམ་གཅོག་རྒྱུ་མ་ཟད་དངུལ་ཆད་ཀྱང་གཏོང་རྒྱུ་རེད།
འཕྲུལ་སྒུལ་འཁོར་རིགས་ཇི་ལྟར་བྱས་ནས་མི་འགྲོད་ལམ་ནས་བསྐྱོད་དགོས་སམ།
ཟླ་སྐྱིད་ཀྱིས། འཕྲུལ་སྒུལ་འཁོར་རིགས་མི་བགྲོད་ལམ་ནས་སྐྱོད་སྐབས། མྱུར་ཚད་དལ་དུ་གཏོང་དགོས་པ་དང་། གལ་ཏེ། གཞུང་ལམ་སྒྲོལ་མཁན་ཡོད་ཚེ། རླངས་འཁོར་ཁ་བཀག་ནས་མི་སྔོན་ལ་གཏོང་དགོས། གཞན་ཡང་། འཕྲུལ་སྒུལ་འཁོར་རིགས་གཞོགས་གཡས་སུ་ཁ་གཅུས་སྐབས། མི་འགྲོད་ལམ་གྱི་བརྡ་རྟགས་ལྗང་ཁུ་ཡིན་ཚེ། རླངས་འཁོར་ཁ་བཀག་ནས་མི་སྔོན་ལ་གཏོང་དགོས་པ་དང་། འཕྲུལ་སྒུལ་འཁོར་རིགས་གཞོགས་གཡོན་དུ་ཁ་གཅུས་པའམ་ཡང་ན་ཁ་སྐོར་སྐབས། གལ་ཏེ་གཞུང་ལམ་སྒྲོལ་མཁན་ཡོད་ཚེ་རླངས་འཁོར་ཁ་བཀག་ནས་མི་སྔོན་ལ་གཏོང་དགོས་ཞེས་བཤད།
གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྒྲིག་ལམ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། འཕྲུལ་སྒུལ་འཁོར་རིགས་དང་འགྲུལ་པས་ཁྲིམས་འགལ་ངང་གཞུང་ལམ་སྒྲོལ་རིགས་ལ་ས་གནས་ས་ཐོག་ཏུ་ཁ་ཏ་སློབ་སྟོན་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕྲུལ་སྒུལ་འཁོར་རིགས་ཀྱིས་གཏན་འབེབས་ལྟར་མི་སྔོན་ལ་མི་གཏོང་བ་དང་གཞུང་ལམ་འགྲུལ་པས་ཀྱང་གློག་དམར་པོ་ཡིན་བཞིན་དུ་འགྲོ་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་འཆར་འགོད་བརྒྱུད། མི་བགྲོད་ལམ་ཐིག་སོགས་ཀྱི་འབྲེལ་ཡོད་ལེ་ལག་ཚང་བའི་བྱེད་ཐབས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། བདེ་འཇགས་ངང་གཞུང་ལམ་སྒྲོལ་བའི་འགན་ལེན་ཏན་ཏིག་དང་འགྲོ་སྐྱོད་ཀྱི་སྒྲིག་ལམ་ཡག་པོ་སྲུང་ནས། “མི་དང་། རླངས་འཁོར། གཞུང་ལམ”བཅས་ཞི་མཐུན་མཉམ་གནས་ཐུབ་པར་བྱས་ཏེ། མི་དམངས་མང་ཚོགས་བདེ་འཇགས་དང་བདེ་བླག་ངང་ཕྱིར་བསྐྱོད་པར་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།