དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ལོ་དྲུག་རིང་མི་རིགས་མི་འདྲ་བའི་གཉེན་སྒྲིག་ཁྱིམ་ཚང་5354མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོ་གསར་འགྱུར་ཁང་།   |     སྤེལ་དུས།  2022-06-13

    བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཧྥན་ཝུན་ཆིང་གིས་ཉེ་ཆར་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མི་འདྲ་བའི་གཉེན་སྒྲིག་ཁྱིམ་ཚང་2015ལོའི་1891ནས་2021ལོའི་7245བར་མང་དུ་ཕྱིན་པ་དང་ལོ་དྲུག་རིང་ཁྱིམ་ཚང་5354མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད། ཁོང་གིས་ལྷ་སར་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་དུ་ཕྱིན་པ་དང་མི་རིགས་མཉམ་འདྲེས་ཆེན་པོའི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

    ཉེ་ཆར་བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ལྟེ་བའི་གྲོང་ཁྱེར་ལྷ་སའི་2012ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་དང་། དམངས་འཚོའི་ལས་དོན། དཔལ་འབྱོར་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཧྥན་ཝུན་ཆིང་གིས་ལྷ་སས《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》བཟོས་ནས་གུ་དོག་པའི་མི་རིགས་ཀྱི་འདུ་ཤེས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་གི་ཡིན། 《འུན་ཤིང་ཀོང་ཇོ》དང་། 《གྱིམ་ཤིང་ཀོང་ཇོ》《བོད་སྐྱོར་བརྩེ་སེམས》སོགས་ཀྱི་རིག་རྩལ་སྤུས་དག་བཏོན་པ་དང་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་དང་། བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གནས་རྙིང་། ལྷུན་གྲུབ་ཞིང་ར་སོགས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་བཅས་བཏོད་པ་དང་ཐང་བོད་གནའ་ལམ་དང་། ཇ་རྟའི་གནའ་ལམ། དབོན་ཞང་རྡོ་རིང་སོགས་ལོ་རྒྱུས་ཀྱི་རྗེས་ཤུལ་དང་རིག་གནས་ཀྱི་འཕྲོས་ལུས་ཞིབ་འཇུག་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་བརྟན་པོ་བཙུགས་ཡོད་ཅེས་གསུངས་པ་རེད།

    ཁོང་གིས་ལོ་10ཡི་རིང་ལྷ་སའི་དམངས་འཚོའི་བདེ་རྩར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱིས་ལོ་རེའི་80%ཡན་གྱི་ནོར་ཤུགས་དམངས་འཚོའི་བྱ་གཞག་ལ་སྤྱད་པ་དང་། ལས་དོན་ཚང་མ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ལ་དམིགས་ཡོད། མི་དམངས་ཤོག་སྒོར་དུང་ཕྱུར་96བཏང་ནས་ཐོན་ལས་རྣམ་གྲངས་485ལག་བསྟར་བྱས་པ་དང་། མི་ཁྲི་4.44ཚང་མ་དབུལ་སྒྲོལ་ཐུབ་ནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གཙང་སེལ་བྱས་ཡོད་ཅེས་གསུངས་པ་རེད།

    དཔལ་འབྱོར་གྱི་ཐད། 2021ལོར་ལྷ་སས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་741.84ལེགས་སྒྲུབ་བྱས་པ་དེ་2012ལོའི་ལྡབ་2.75ཡིན་པ་དང་། ཚན་རིག་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད་39%ནས་54.1%བར་མང་དུ་ཕྱིན་པ། མཐོ་གསར་ལག་རྩལ་གྱི་ཁེ་ལས་ལྡབ་3.8འཕར་ཡོད། དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་དང་དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།