དབུ་ཤོག>གསར་འགྱུར།
  • ཧེ་ལུང་ཅང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་ནུས་ཤུགས་ཡོད་རྒུས་བརྩམས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-06-02

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་ཐེངས་གཉིས་གནང་ནས། ཧེ་ལུང་ཅང་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འཆར་གཞི་བཀོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཧེ་ལུང་ཅང་གིས་འབད་འཐབ་ལྷོད་མེད་དང་། འགག་སྒྲོལ་དཀའ་སེལ། གོ་སྐབས་དམ་འཛིན། འགྲན་སློང་བསུ་བ་བཅས་བྱས་ནས་ཧེ་ལུང་ཅང་གི་ལེགས་ཆ་གསར་པ་བཏོད་དེ་ཧེ་ལུང་ཅང་གི་གཟུགས་བརྙན་གསར་པ་མངོན་པར་བྱས།

    “ཞིང་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་བ”

    ཧེ་ལུང་ཅང་ནི་རང་རྒྱལ་གྱི་ཚོང་འབྲུའི་རྟེན་གཞི་ཆེ་ཤོས་ཡིན་ལ། ཞིང་ལས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧེ་ལུང་ཅང་དུ་ཐེངས་གཉིས་ཕེབས་སྐབས་བརྟག་ཞིབ་གནང་ཡུལ་གཙོ་བོ་དེ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་དགོས”ཞེས་དང“ས་ནག་རྨོ་ཞིང་ཉུང་དུ་མི་འགྲོ་བ་དང་ཞན་འགྱུར་མི་འགྲོ་བ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དེ་དག་གིས་ཧེ་ལུང་ཅང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་བང་མཛོད་ཀྱི་ནུས་པ་འདོན་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    “‘ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས’པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་བྱས་ཏེ། ང་ཚོས་དེང་རབས་ལག་རྩལ་དང་དེང་རབས་ཞིང་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”པེ་ཏ་ཧོང་ཚོགས་པ་ཅན་སན་ཅང་ཡན་ལག་ཀུང་སིའི་ཆི་ཤིན་ཞིང་ར་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཏུང་ཀོང་གིས། 2018ལོ་ནས་བཟུང་ང་ཚོའི་ཞིང་རས་རིམ་རྩིས་བྱས་ན་འབྲུ་རིགས་རྒྱ་མ་དུང་ཕྱུར་56ཐོན་སྐྱེད་བྱས་པ་དེ་ཀྲུང་གོ་བ་རེར་འབྲུ་རིགས་རྒྱ་མ་4མཁོ་འདོན་བྱས་པ་དང་མཚུངས་ཡོད་ཅེས་བརྗོད།

    བྱང་ཤར་གྱི་དཔེ་མཚོན་གྱི་ས་ནག་ཁུལ་དུ་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་2.78ཙམ་ཡོད་པའི་ནང་མུའུ་དུང་ཕྱུར་1.56ཙམ་ཧེ་ལུང་ཅང་དུ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ནག་གི་རྨོ་ཞིང་སྲུང་སྐྱོང་ལ་དོ་ཁུར་ཆེན་པོ་གནང་ཞིང་། 2016ལོའི་ཟླ་5པར་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། ལས་གྲྭ་དང་། ཞིང་རྩལ། སྐྱེ་དངོས་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཞིང་པའི་ཧུར་སེམས་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་ས་ནག་རྨོ་ཞིང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    2018ལོའི་ཟླ་9པར་ཀྲུང་གོའི་སོ་ནམ་ལོ་ལེགས་དུས་ཆེན་ཐོག་མ་མཇུག་འགྲིལ་ནས་ཡུན་རིང་མ་སོང་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆི་ཤིན་ཞིང་ར་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་། པེ་ཏ་ཧོང་ཞིང་ལས་ཞིང་འཕྲུལ་ལྟེ་གནས་ཀྱི་ཐོག་སོ་དང་པོའི་འགྲེམས་སྟོན་ཚོམས་ཆེན་དུ་ས་གནས་དེ་རང་ནས་ཐོན་པའི་འབྲས་དང་། སྣུམ། སྲན་མ། འོ་མ་སོགས་ཞིང་ལས་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རེ་རེ་བཞིན་ལ་གཟིགས་ནས། ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་ནའང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པའི་ནན་བཤད་གནང་བཞིན་ཕྱག་གཉིས་ཀྱིས་འབྲས་དཀར་ཡོལ་གང་བཏེགས་ཏེ“ཀྲུང་གོའི་འབྲུ་རིགས། ཀྲུང་གོའི་ལྟོ་ཕོར”ཞེས་བརྩེ་སེམས་ཟབ་མོས་གསུངས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཧེ་ལུང་ཅང་གིས་ཞིང་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ཐད་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཕུལ་བ་སྟེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་69.4%ཟིན་པ་དང་། འབྲུ་རིགས་ལོ་ཏོག་གཙོ་བོ་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་98%ཟིན་པ། འབྲུ་རིགས་ཐོན་འབབ་2016ལོའི་རྒྱ་མ་དུང་ཕྱུར་1483.2ནས་2021ལོའི་རྒྱ་མ་དུང་ཕྱུར་1573.5བར་འཕར་བ་བཅས་འབྲུ་རིགས་ཐོན་འབབ་ལོ་12བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ཚོང་ཟོག་ཏུ་འགྱུར་ཚད་དང་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    “‘ཚོང་རྟགས་གྲགས་ཅན’སྒྱུར་བཀོད་རིམ་སྤོར་དང་། ‘མ་བཅོས་ཞིབ་བཟོ་གྲགས་ཅན’གསར་སྤེལ་གཏིང་ཟབ། ‘ཚོང་རྟགས་གསར་པ’སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས”

    “བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད” 2016ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། བཟོ་ལས་རྟེན་གཞི་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར“ཚོང་རྟགས་གྲགས་ཅན”སྒྱུར་བཀོད་རིམ་སྤོར་དང་། “མ་བཅོས་ཞིབ་བཟོ་གྲགས་ཅན”གསར་སྤེལ་གཏིང་ཟབ། “ཚོང་རྟགས་གསར་པ”སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་པ་བཅས་ཀྱི་ལག་ལེན་ཁ་ཕྱོགས་གསལ་བཏོན་གནང་བ་རེད།

    ཧེ་ལུང་ཅང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལག་བསྟར་བྱས་ནས“ལས་དོན་ཆེན་པོ་གསུམ”ཡག་པོ་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ་སྟེ།

    —— ཁྲོམ་ར་དང་འཚམ་པའི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་བཟོས་པ།

    ཉིན་ཤས་གོང་། ཀྲུང་གོ་ལྕི་བའི་འཕྲུལ་ཆས་བཟོ་གྲྭ་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་སྔ་དྲོའི་གཉེར་སྐྱོང་བཀོད་གཏོང་ཚོགས་འདུའི་ཐོག་ཚོང་གཉེར་འགན་འཁུར་བ་ཞིག་གིས་ཐོན་སྐྱེད་དང་ལག་རྩལ་ཞབས་ཞུ་སོགས་སྡེ་ཚན་ལ་དྲི་བ་བཏོན་པས་ཚོགས་རའི་རྣམ་པ་འཁྲུག་ཏུ་ཕྱིན།

    གཉེར་སྐྱོང་བཀོད་གཏོང་ཚོགས་འདུ་སྔོན་མ་ཐོན་སྐྱེད་སྡེ་ཚན་གྱིས་གཙོ་སྐྱོང་བྱས་ནས་གང་ཞིག་ཐོན་སྐྱེད་བྱས་ན་དེ་འཚོང་གི་ཡོད། ད་ཆ་ཚོང་གཉེར་སྡེ་ཚན་གྱིས་སྣེ་ཁྲིད་བྱེད་ཀྱི་ཡོད་སྟབས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཐོན་སྐྱེད་བྱེད་ཀྱི་ཡོད།

    གཉེར་སྐྱོང་བཀོད་གཏོང་ཚོགས་འདུའི་འགྱུར་ལྡོག་ལས། ཁེ་ལས་ཀྱིས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགྱུར་ལྡོག་མཐོང་ཐུབ། སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་ཤོས་ནི། 2018ལོ་དང་བསྡུར་ཚེ། ཀྲུང་གོ་ལྕི་བའི་འཕྲུལ་ཆས་བཟོ་གྲྭ་དང་པོ་ཚོགས་པའི་2021ལོའི་ཁེ་སྤོགས་བསྡོམས་འབོར་འཕར་ཚད་400%ལས་བརྒལ་བ་དང་གཉེར་སྐྱོང་ཡོང་འབབ་འཕར་ཚད་200%ལས་བརྒལ་ཡོད་པ་རེད།

    —— རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཀྱི“འགྱུར་ལྡོག”

    ཀྲུང་ཁྲེ་ཆི་ཁྲེ་ཚོགས་པའི་ཆི་ཁྲེ་ཀུང་སིས་རང་བརྟེན་ཞིབ་བཟོ་བྱས་པའི་སྣུམ་སྣོད་མེ་འཁོར་དང་སྒྲོམ་མེད་མེ་འཁོར200ལྷག་ཙམ་འདི་ལོའི་ཟླ་4པར་ཆི་ལིར་ཐོག་མར་ཕྱིར་གཏོང་བྱས་པས། ཀུང་སིས་ཕྱི་རྒྱལ་ཁྲོམ་རར་མེ་འཁོར་ཕྱིར་ཚོང་བྱེད་ཚད་སླར་ཡང་མང་དུ་ཕྱིན་པ་རེད།

    “ཕྱི་རྒྱལ་གྱི་ཁྲོམ་ར་ནི་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་རེད” ཆི་ཁྲེ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝུའུ་ཐེན་ཡོན་གྱིས། ཆི་ཁྲེ་ཀུང་སིས་རང་རྒྱལ་གྱི་ལྕགས་ལམ་ཟོག་འདྲེན་མེ་འཁོར་གྱི་རིམ་སྤོར་བརྗེ་སྒྱུར་ཐེངས་གསུམ་བྱས་ཡོད་ལ། ཉེ་བའི་ལོ་4ཡི་རིང་རིམ་རྩིས་བྱས་ན། ཕྱི་རྒྱལ་དུ་རིགས་ཁག་གི་ལྕགས་ལམ་ཟོག་འདྲེན་མེ་འཁོར་5000ལྷག་ཙམ་ཕྱིར་གཏོང་བྱས་ཡོད་ཅེས་བརྗོད། མིག་སྔར་ཀུང་སིས་ཐོག་མར་སྒྲིག་ཆས་ཕྱིར་གཏོང་བྱེད་པ་ནས་ཚད་གཞི་དང་། ལག་རྩལ། དོ་དམ་སོགས་སྣ་མང་ཕྱིར་གཏོང་བྱེད་པའི་བར་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད།

    —— གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་གསར་པར་སྐུལ་འདེད་བཏང་བ།

    ཧའར་པིན་ཨན་ཐེན་ཚན་རྩལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ནི་རང་རྒྱལ་གྱི་སྒུལ་བདེའི་བདེ་འཇགས་སྒུལ་ཤུགས་མཁོ་འདོན་བྱེད་མཁན་གྲས་ཤིག་རེད། “རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱས་ནས་ང་ཚོས་ནད་དུག་འགོག་པའི་ལྟེ་བའི་ལག་རྩལ་ལ་རྒྱུན་ཆད་མེད་པར་ཚད་བརྒལ་ཐུབ་པ་བྱེད་དགོས”ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅཱ་ཏ་ལུའེ་ཡིས། ཨན་ཐན་གྱི་ཉེན་ཁ་ཞིབ་དཔྱད་ཚད་ལེན་གྱི་སྒྲིག་ཆས་གོ་ལ་ཧྲིལ་པོར་མཁོ་འདོན་བྱེད་ཚད་ཁྲི་100ལས་བརྒལ་བ་དང་རིག་ནུས་མཐའ་སྣེའི་སྒྲིག་ཆས་ལ་བདེ་འཇགས་འགོག་སྲུང་མཁོ་འདོན་བྱེད་ཚད་དུང་ཕྱུར་30ལས་བརྒལ་ཡོད་ཅེས་བརྗོད།

    བཟོ་ལས་ཀྱི་རྟེན་གཞི་རྙིང་པའི་རྙིང་ཚབ་གསར་བརྗེས་མགྱོགས་སུ་བཏང་ཞིང་། 2016ལོ་ནས་ད་བར། ཧེ་ལུང་ཅང་དུ་མཐོ་གསར་ལག་རྩལ་ཁེ་ལས་768ནས་2738བར་མང་དུ་ཕྱིན་ཡོད།

    “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དོན་སྙིང་ནི་འཐབ་ཇུས་རང་བཞིན་ཞིག་རེད”

    ཧེ་ལུང་ཅང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་ནགས་ཁུལ་ཡིན་ཞིང་། 2016ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དོན་སྙིང་ནི་འཐབ་ཇུས་རང་བཞིན་ཞིག་རེད”ཅེས་གསུངས་པ་རེད།

    རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཡིན་པའི་ཧེ་ལུང་ཅང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཧེ་ལུང་ཅང་གི་ནགས་ཤིང་གསོག་ཚད་བརྟན་པོའི་ངང་འཕར་ནས་རིམ་རྩིས་བྱས་ན་ནགས་བཟོ་སྤྱི་ཆིང་ཁྲི་38.8ལེགས་སྒྲུབ་བྱས་པས་ནགས་ཚལ་ཁྱབ་ཚད་47.3%ཟིན་ཡོད།

    དཀོན་ཞིང་རྩ་ཆེ་བའི་འདབ་ཆགས་ཟམ་མི་ཆད་པར་ཕྱིར་ལོག་པ་དང་། རི་སྐྱེས་བྱང་ཤར་སྟག་སླར་ཡང་མང་དུ་ཕྱིན་པ་ལས། ཧེ་ལུང་ཅང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་ཐོབ་པ་ར་སྤྲོད་བྱུང་ཡོད།

    རང་བྱུང་ནགས་ཚལ་ཕྱོགས་ཡོངས་ནས་གཅོད་མཚམས་བཞག་རྗེས། ནགས་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་གང་འདྲ་བྱུང་མིན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་སར་གྱུར།

    2016ལོའི་ཟླ་5པར་དབྱི་ཁྲུན་དུ་མཛའ་གྲོགས་ནགས་ལས་ཅུས་ཀྱི་མུའུ་ཁྲི་ཡི་ལན་མེ་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར། ངེས་པར་དུ་ཁྲོམ་རར་ཞིབ་འཇུག་བྱ་རྒྱུར་དོ་སྣང་བྱས་ནས་སྣ་མང་གཉེར་སྐྱོང་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཐོན་སྐྱེད་དང་ཕྱིར་ཚོང་དོ་སྙོམས་མེད་པ་སྔོན་འགོག་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    “ནགས་ཁུལ་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ཐབས་ལམ་རྒྱ་སྐྱེད་དང་ཐབས་མང་མཉམ་སྤྱོད་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག ཧེ་ལུང་ཅང་གིས་ཞིང་ལས་དང་ནགས་ལས་ཀྱི་ལེགས་ཆར་བརྟེན་ནས་མིག་སྔར་འཐུས་སྒོ་ཚང་བའི་ནགས་ཚལ་དང་། ཤིང་འབྲས། ཤ་མོ། སྨན་རྒྱུ་སོགས་འདེགས་སྐྱོར་དུ་བྱས་པའི་ནགས་ལས་ཐོན་ལས་མ་ལག་བསྐྲུན་ཡོད་པ་རེད།

    2016ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཧེ་ལུང་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་། ཧེ་ལུང་ཅང་གི་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་ཞེས་གསུངས་པ་རེད།

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་པའི་སྐབས་དང་བསྟུན་ནས། འདི་ལོའི་ཟླ་3པར་ཧེ་ལུང་ཅང་གིས་ཞིང་ཆེན་གྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་བཏོན་ནས“གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”སྔོན་སྐྱོད་ཁུལ་དང་། ལག་ལེན་ཁུལ། དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས་ཀྱི་རྒྱལ་སྤྱི་ཅན་གྱི་གངས་འཁྱགས་དཔལ་འབྱོར་དཔེ་སྟོན་ཁུལ་བཅས་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ཡོད། གངས་འཁྱགས་ཡུལ་སྐོར་གྱི་དམིགས་ས་གྲགས་ཅན་དང་གངས་འཁྱགས་ཡུལ་སྐོར་ལམ་ཐིག་ཁག་གཅིག་བཏོད་དེ་གངས་འཁྱགས་ཡུལ་སྐོར་གྱི་མིང་བྱང་བཏོད་ཡོད། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ལོ་ལྟར་སྒོར་དུང་ཕྱུར་2ལས་མི་ཉུང་བའི་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་དངུལ་བཀོད་སྒྲིག་བྱས་ནས་གངས་འཁྱགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ཡོད།

    ས་རྒྱུ་གཤིན་པའི་ས་ནག་འདིའི་རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རིར་འགྱུར་བཞིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཧའར་པིན་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།