དབུ་ཤོག>གསར་འགྱུར།
  • ཕྱོགས་ཡོངས་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-05-31

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའོ་ཉིང་དུ་ཕེབས་ནས་རྟོག་ཞིབ་ཐེངས་གཉིས་གནང་བ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ནས་ལེའོ་ཉིང་དར་རྒྱས་དང་འཕེལ་རྒྱས་ཆེད་ཁ་ཕྱོགས་གཏན་འཁེལ་དང་འབྱུང་འགྱུར་འཆར་འགོད་གནང་ཡོད།

    “གཞུང་ཁོངས་ཁེ་ལས་དེ་ལེའོ་ཉིང་དར་རྒྱས་ཀྱི‘སྣེ་འདྲེན’དུ་བརྩི་དགོས”

    2017ལོའི་ཟླ་3ཚེས་7ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གཞུང་ཁོངས་ཁེ་ལས་དེ་ལེའོ་ཉིང་དར་རྒྱས་ཀྱི“སྣེ་འདྲེན”ལ་བརྩི་དགོས་ཞེས་གསུངས་པ་རེད།

    2013ལོའི་ཟླ་8པ་དང་2018ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའོ་ཉིང་དུ་ཐེངས་གཉིས་ཕེབས་ཏེ། གཞུང་ཁོངས་ཁེ་ལས་ལ་རྟོག་ཞིབ་གནང་བ་མ་ཟད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་དམིགས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ལེའོ་ཉིང་གི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དེ“མྱུར་བགྲོད་ལམ་བུ”དང“རྙོག་འཛིང་ཆེ་སའི”ཕྱོགས་སུ་སྐྱོད་འགོ་ཚུགས་པ་རེད།

    2018ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལ་རྟོག་ཞིབ་གནང་ཞིང་། ཁེ་ལས་ཀྱིས་གྲུབ་ཆ་ལེགས་སྒྲིག་དང་གསར་གཏོད་ལ་དམ་འཛིན་བྱས་པ་བརྒྱུད་ལོ་12བསྟུད་མར་གྱོང་གུན་ཕོག་པའི་རྣམ་པ་ལས་མཐར་བ་མཁྱེན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་མགུ་པོ་བྱུང་ནས“ཁྱེད་ཚོས་ཡང་འབད་བསྐྱར་འབད་དང་། རྒྱུན་སྲིང་ལྷོད་མེད། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་སྤྱི་མཐུན་རྒྱལ་ཁབ་ཀྱི‘ཕུལ་བྱུང་རུ་ཁག’ཡིན་པའི་ངོས་ནས་གྲུབ་འབྲས་དེ་བས་ལེགས་པ་ལེན་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།

    “ལོ་ཤས་རིང་ང་ཚོས་ཕྱོགས་གཅིག་ནས་ལག་རྩལ་གསར་གཏོད་ལ་དམ་འཛིན་དང་། གཅིག་ཤོས་ནས་ལམ་ལུགས་སྒྱུར་བཅོས་གསུམ་ལ་དམ་འཛིན་བྱས་པར་བརྟེན། ཐོན་རྫས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ལས་བྱེད་པ་དང་ལས་བཟོའི་ཧུར་སེམས་ཆེ་རུ་ཕྱིན་པ་མ་ཟད། གཉེར་སྐྱོང་ཕན་འབྲས་ཀྱང་མུ་མཐུད་ལེགས་སུ་ཕྱིན་ཡོད” ལེའོ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཏང་ཨུད་ཧྲུའུ་ཅི་ལི་ཀུའེ་ཧོ་ཡིས་འདི་ལོའི་ཟླ་4པར་ཁེ་ལས་ལ་ཁེ་བཟང་སྒོར་དུང་ཕྱུར་4.16བྱུང་ནས་ཡ་ཟླའི་ཁེ་སྤོགས་ཐད་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་ཅེས་བརྗོད་བྱུང་།

    སྒྱུར་བཅོས་ཀྱིས་གཞུང་ཁོངས་ཁེ་ལས་རྙིང་པ་མང་པོ་ཞིག་ལ་གསོན་ཤུགས་སྦྱིན་ཡོད།

    ལོ་མང་གྱོང་གུན་ཕོག་པའི་ཧྲེན་དབྱང་འཁོར་སྟེགས་ལ། འདི་ལོའི་དུས་ཚིགས་དང་པོར་གུན་སེལ་ཁེ་སྒྱུར་བྱུང་ཞིང་། ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་ལི་ཝུན་ཧྭ་ཡིས“ཀྲུང་གོ་ཐུང་ཡུང་ལག་རྩལ་ཚོགས་པས་ཁེ་ལས་བསྐྱར་འཛུགས་བྱས་པས་སྒྲིག་སྲོལ་དང་ལམ་སྲོལ་གསར་རྐྱང་དུ་གྱུར་ཡོད། ང་ཚོའི་བཟོ་གྲྭ་རང་གསོ་མི་ཐུབ་པ་ནས་རང་གསོ་ཐུབ་པའི་བར་གྱི་རྩ་བའི་འགྱུར་ལྡོག་བྱུང་ཡོད”ཅེས་བརྗོད།

    2021ལོར་ལེའོ་ཉིང་གི་གཞུང་ཁོངས་ཁེ་ལས་ཀྱིས། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་ལོ་གོང་མ་ལས་4.6%འཕར་བའི་ནང་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་རིན་ཐང་འཕར་མ་8.7%འཕར་བའི་རྒྱུག་ལན་ཞིག་ཕུལ་ཡོད།

    “ཕྱོགས་མང་པོ་ནས་འདེགས་སྐྱོར་དང་། ལས་རིགས་མང་པོ་མཉམ་བཟུང་། སྣ་མང་འཕེལ་རྒྱས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གང་མགྱོགས་ཆགས་པ་བྱེད་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2018ལོའི་ཟླ་9པར་ཧྲེན་དབྱང་དུ་བྱང་ཤར་དར་རྒྱས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྟབས་བསྟུན་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་ཧུར་ཐག་བྱས་ནས་ཕྱོགས་མང་པོ་ནས་འདེགས་སྐྱོར་དང་། ལས་རིགས་མང་པོ་མཉམ་བཟུང་། སྣ་མང་འཕེལ་རྒྱས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གང་མགྱོགས་ཆགས་པ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས་ལེའོ་ཉིང་གིས“བྱ་གཞག་ཆེན་པོ་གསུམ”དམ་འཛིན་བྱ་གཞིར་བྱས་ཏེ་གྲུབ་ཆ་ལེགས་སྒྲིག་གི“ཐབས་མང་མཉམ་སྤྱོད”རྣམ་པ་བཏོད་པ་རེད།

    —— “ཚོང་རྟགས་གྲགས་ཅན”སྒྱུར་བཀོད་རིམ་སྤོར་བྱས་པ།

    2013ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་དབྱང་གློག་སྦུད་ཚོགས་པ་སོགས་ཁེ་ལས་སུ་རྟོག་ཞིབ་གནང་སྐབས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་གཞི་གཅིག་ཏུ་འདུས་པའི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་བཏང་ནས་གསར་དར་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཚོགས་པ་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།

    “རྩེར་སོན་ཕྱོགས་སུ་མ་བསྐྱོད་ན་མདུན་ལམ་མེད” ཧྲེན་དབྱང་གློག་སྦུད་ཚོགས་པའི་ཏུང་ཧྲི་ཀྲང་ཏའེ་ཅི་ཧྲོང་གིས་ང་ཚོས་ལག་རྩལ་གསར་གཏོད་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་ཚན་ཞིབ་ཀྱི་འགག་སྒྲོལ་ཞིབ་འཇུག་བྱ་གཞི་900ལྷག་ཙམ་འགག་སྒྲོལ་བྱས་པ་དང་རྩེར་སོན་ཐོན་རྫས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ཐོན་སྐྱེད་བྱས་ཡོད་ཅེས་བརྗོད།

    སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ་དང་། གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བ། ཁྲོམ་རར་བརྟེན་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་པས་ལེའོ་ཉིང་གི“ཚོང་རྟགས་གྲགས་ཅན”ཁེ་ལས་འབོར་ཆེན་ཞིག་ད་ཆ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཞིང་ཆེན་དེ་ཡོངས་ཀྱིས་རིག་ནུས་བཟོ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བཏང་བས་ཁེ་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཆ་སྙོམས་21.2%མཐོ་རུ་ཕྱིན་པ་དང་གཉེར་སྐྱོང་མ་གནས་ཆ་སྙོམས་15.6%ཆག་ཡོད་པ་རེད།

    —— “མ་བཅོས་ཞིབ་བཟོ་གྲགས་ཅན”གསར་སྤེལ་གཏིང་ཟབ་བྱས་པ།

    ཕན་འབྲས་ལེགས་པོ་ཡོང་བ་བྱེད་པར། ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་བརྟེན་དགོས། ཁྲོན་བོད་ལྕགས་ལམ་གྱི་གྲང་འགོག་ལམ་ལྕགས་དང་། ཚད་བརྒལ་དོས་སྒམ་གྲུ་གཟིངས་ཀྱི་གས་འགྱུར་འགོག་པའི་ངར་ལྕགས། མཚོ་གཏིང་གི་ཆེས་སྟབས་བསྟུན་མདོང་ལམ་ངར་ལྕགས་སོགས་ཉེ་བའི་ལོ་ཤས་རིང་ཨན་ཧྲན་ལྕགས་དང་ངར་ལྕགས་ཚོགས་པའི་རྩེར་སོན་ཐོན་རྫས་རབ་དང་རིམ་པ་མྱུར་བགྲོད་ལྕགས་ལམ་དང་། རྒྱ་མཚོའི་སྒྲིག་ཆས། ཉིང་གློག་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་སྤྱད་པས“རྒྱལ་ཁབ་ཀྱི་ཚོང་རྟགས་གྲགས་་ཅན”གྱི་སྤུས་རྟགས་སུ་གྱུར་ཡོད།

    མཁོ་སྤྲོད་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ལེའོ་ཉིང་གི“མ་བཅོས་ཞིབ་བཟོ་གྲགས་ཅན”འབྲིང་མཐོའི་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་ཡོད།

    ——“ཚོང་རྟགས་གསར་པ”སྐྱེད་སྲིང་དང་སྟོབས་ཆེར་བཏང་བ།

    རང་རྒྱལ་གྱི་མཉེན་ཆས་ལས་རིགས་ཀྱི་སྔོན་ཐོན་ཁེ་ལས་ཡིན་པའི་ཏུང་རོན་ཚོགས་པའི་2021ལོའི་རང་རྟེན་མཉེན་ཆས་དང་། ཐོན་རྫས། ཞབས་ཞུའི་གན་རྒྱ་གསར་པ་འཇོག་ཚད་བཅས་སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

    “གསར་གཏོད་ནི་ཁེ་ལས་ཀྱིས་ཉེན་ཁའི་འགྲན་སློང་འགོག་པའི་འགོག་སྲུང་གྱོན་ཆས་ཡག་ཤོས་ཡིན”ཏུང་རོན་ཚོགས་པའི་ཏུང་ཧྲི་ཀྲང་ལིའུ་ཅི་རེན་གྱིས། གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱེད་སྐབས་འཕྲལ་མར་གྲུབ་ཐུབ་པ་དང་ཡོང་འབབ་མགྱོགས་པོ་རག་པའི་བསམ་པ་དོར་ནས་ངང་རྒྱུན་རིང་པོ་བྱེད་དགོས་ཞེས་བརྗོད།

    “ཚོང་རྟགས་གྲགས་ཅན”ནི་རྨང་གཞི་དང་། “མ་བཅོས་ཞིབ་བཟོ་གྲགས་ཅན”ནི་ལེགས་ཆ། “ཚོང་རྟགས་གསར་པ”ནི་འབྱུང་འགྱུར་རེད།

    ཉེ་བའི་ལོ་ཤས་རིང་། “ཚོང་རྟགས་གསར་པའི”ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་ཆེད། ལེའོ་ཉིང་གིས་ཞིང་ཆེན་རིམ་པ་དེ་གའི་ནོར་སྲིད་ཚན་རྩལ་མ་དངུལ་སྤྱོད་སྟངས་གསར་གཏོད་ཀྱིས་བསྡུར་ཚད་1:1གི་ཐོག་ནས་སྤྱི་ཚོགས་ཀྱི་མ་དངུལ་ནང་འདྲེན་བྱས་ཡོད། “ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཕོ་ཉའི་མ་འཇོག་ཐེབས་རྩ”བཙུགས་ནས་གསར་གཏོད་རྣམ་པའི་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ཤིང་། མིག་སྔའི་བར་ཞིང་ཆེན་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་8000ལྷག་ཙམ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་14000ལྷག་ཙམ་ཡོད།

    “ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རྨང་གཞིར་བྱས་ཏེ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས། དར་རྒྱས་ནི་རྣམ་གྲངས་ཆེན་པོ་ཁ་ཤས་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་ཞིག་མིན། སྐྱེ་སྟོབས་འཕེལ་བར་ངེས་པར་དུ་ཁོར་ཡུག་བཟང་པོ་གཏོད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ལེའོ་ཉིང་གིས་གཉེར་སྐྱོང་ཁོར་ཡུག་གི་དཀའ་གནད་ལ་དམ་འཛིན་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཧུར་ཐག་བསལ་བ་རེད།

    ཧྲེན་ཕུའུ་སྒྱུར་བཅོས་གསར་གཏོད་དཔེ་སྟོན་ཁུལ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་མི་ཚང་མ་གྲལ་བསྒྲིགས་ནས་འགྲོ་ལུགས་གཉེར་བཞིན་འདུག ཁེ་ལས་ཀྱི་འགྲོ་ལུགས་གཉེར་བར་ཆུ་ཚོད་གཉིས་ལས་མི་འགོར་བ་དང་། ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་ཞུ་བར་ལས་ཀའི་ཉིན་མོ་28ཀྱི་དུས་ཚོད་ནང་སྒྲུབ་ཚར་བས་ཞིབ་མཆན་འགོད་པའི་ལས་ཕྱོད་94.2%མཐོ་རུ་ཕྱིན་ཡོད།

    “སྒྲུབ་དགོས་ངེས་ཀྱི་བྱ་བ་ཡིན་ཕྱིན། ང་ཚོས་དུས་ཐོག་ཏུ་སྒྲུབ་ཀྱི་ཡོད། བསྒྲུབ་དཀའ་བའི་བྱ་བ་ཡིན་ཕྱིན། ང་ཚོས་ཐབས་བརྒྱ་ཇུས་སྟོང་ངང་སྒྲུབ་ཀྱི་ཡོད”ཅེས་ཧྲེན་ཕུའུ་སྒྱུར་བཅོས་གསར་གཏོད་དཔེ་སྟོན་ཁུལ་སྲིད་འཛིན་ཞིབ་མཆན་ཅུས་ཀྱི་ཅུས་ཀྲང་ཝང་ཧོ་ཅིན་གྱིས་བརྗོད། “ཐབས་བརྒྱ་ཇུས་སྟོང་ངང་སྒྲུབ་པ”ནི་ལེའོ་ཉིང་གི་ཚོང་གཉེར་ཁོར་ཡུག་འགྱུར་ལྡོག་གི་བསྡུས་རིས་ཤིག་རེད།

    བློ་གཤོགས་ཆེན་པོས་ལམ་ལུགས་རང་བཞིན་གྱི་སྒྱུར་བཅོས་བྱས་པ་བརྒྱུད་ཁྲོམ་རས་ལེའོ་ཉིང་ལ་མ་འཇོག་བྱེད་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། འདི་ལོའི་དུས་ཚིགས་དང་པོར་ཞིང་ཆེན་ཡོངས་སུ་གསར་དུ་ཐོ་བཀོད་པའི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་16.57ཟིན་པ་དེ་དུས་མཚུངས་ལས་27.73%འཕར་ཡོད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་པ་དེ། སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་དང་དངོས་སྒྲུབ་ནུས་ཆེའི་ལས་བྱེད་པའི་སྤྱོད་ཚུལ་དང་ཁ་འབྲལ་ཐབས་མེད།

    “ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བར། ཆབ་སྲིད་ཀྱི་ཁོར་ཡུག་ནི་རྩ་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ནི་འགན་ལེན་ཡིན” ལེའོ་ཉིང་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་ཧུའུ་ཀྲེས། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས“གཅུན་འདོམས་བཙན་པོར”བརྟེན་ནས་ཚོང་གཉེར་ཁོར་ཡུག་གི“འཇམ་ཤུགས”ལ་དམ་འཛིན་བྱས་ནས་ལེའོ་ཉིང་དར་རྒྱས་དང་འཕེལ་རྒྱས་ལ་འགན་ལེན་བྱས་པས། སྲོལ་གསར་སྤྱོད་བཟང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་5ཚེས་29ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།