རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གང་ཞིག་ཐོན་སྲིད་པ་དང་། དེ་བཞིན་བཅའ་ཁྲིམས་ཀྱི་མཇུག་འབྲས་གང་ཞིག་ཐོན་སྲིད་པ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པར་རོགས་རམ་བྱེད་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་ཐོན་སྲིད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཁག་གཅིག་དྲན་སྐུལ་བྱས་ཡོད་པས། སླད་ཕྱིན་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་གཤམ་གསལ་གྱི་བྱེད་སྤྱོད་འདི་དག་སྤེལ་མི་རུང་།
1.སྤྱི་དམངས་ཀྱིས་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་སྡོད་པ་དང་། དེ་བཞིན་སྡེ་ཁུལ་དང་། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། གསོལ་མགྲོན་ཁང་སོགས་མི་མང་འདུ་འཛོམས་ཁུལ་དུ་འགྲོ་འོང་བྱེད་སྐབས།དོ་དམ་མི་སྣའི་ཁ་ཏ་སློབ་སྟོན་ལྟར་ཁ་རས་མ་བརྒྱབ་པའི་རིགས《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་200མན་གཅོད་རྒྱུ་དང་། གནས་ཚུལ་ཅུང་ཚབས་ལྕི་རིགས་ ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱེད་རྒྱུ་མ་ཟད། དངུལ་ཆད་སྒོར་500མན་གཅོད་ཆོག ཉིང་སྐྱུར་བརྟག་དཔྱད་བྱེད་ཁོངས་སུ་བཅུག་པའི་མི་ཚོགས་གཅིག་གྱུར་སྒྲིག་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ནང་མི་ཞུགས་པའི་རིགས《འགོ་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་12པའི་ནང་གཏན་འབེབས་བྱས་པའི་ཁྲིམས་གཏན་འཁེལ་བའི་འོས་འགན་ལས་འགལ་ཡོད། 2.འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་བརྟག་དཔྱད་དང་། མ་དཔེ་འཚོལ་བསྡུ། ལག་རྩལ་དབྱེ་ཞིབ། ཞིབ་དཔྱད་བཅས་ལ་གཞོགས་འདེགས་མ་བྱས་ཚེ། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་སྤྱིར་ན་འགལ་བ་དང་། བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ནད་གཞིའི་གནས་ཚུལ་རྐང་བཙུགས་ནས་སྦ་གསང་བྱས་རིགས་དང་། འགྲོ་སྐྱོད་ཆ་འཕྲིན་སྦས་སྐུང་བྱས་རིགས། ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ་པའམ་ཡང་ན་དོགས་ཡོད་ནད་དཔེ་དང་འབྲེལ་བ་དམ་ཟབ་བྱུང་བ་སྦས་སྐུང་བྱས་རིགས་བཅས་ཀྱི་བྱེད་སྤྱོད་དེ།《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་200མན་གཅོད་རྒྱུ། ཉེས་ཚབས་ལྕི་རིགས་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་500མན་གཅོད་ཆོག ཏོག་དབྱིབས་ནད་དུག་གསར་པ་འགོས་པའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེན་ལྡན་རིགས《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུའི་གཏན་འབེབས་ལས་འགལ་ནས་འགོ་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་ཡོད། 3.སྡེ་ཁུལ་དང་། ཁྲོམ་ར། སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། གསོལ་མགྲོན་ཁང་། སྨན་ཁང་སོགས་མི་མང་པོ་འདུ་འཛོམས་བྱ་ཡུལ་དུ་འགྲོ་འོང་བྱེད་སྐབས། བདེ་ཐང་ཨང་རྟགས་མ་བཤེར་བ་དང་ཐོ་འགོད་མ་བྱས་པའི་རིགས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ས་ཚིགས་བརྒྱུད་མཁན་གྱི་རླངས་འཁོར་དང་མིས་ལས་དོན་མི་སྣའི་བརྟག་དཔྱད་ལ་གཞོགས་འདེགས་མ་བྱས་པ་དང་བརྟག་དཔྱད་དང་ལེན་མ་བྱས་པའི་རིགས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་དུག་སེལ་ལས་དོན་སྤེལ་བར་གྲོང་མི་དང་ཁེ་ལས་ཀྱིས་གཞོགས་འདེགས་མ་བྱས་པ་དང་ཁ་ཏ་བསླབ་བྱ་བྱས་ཀྱང་མ་ཉན་པའི་རིགས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཚན་པ་དང་སྤྱི་བདེ་སྡེ་ཚན་གྱིས་རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་སྤེལ་བར་གཞོགས་འདེགས་མ་བྱས་པའི་རིགས་བཅས《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བས།ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་200མན་གཅོད་རྒྱུ་དང་། ཉེས་ཚབས་ལྕི་རིགས་ལ་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱེད་རྒྱུ་མ་ཟད། དངུལ་ཆད་སྒོར་500མན་གཅོད་ཆོག