གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྡེ་ལས་ཞབས་ཞུ་སྔར་བས་ཚད་ལྡན་དུ་བཏང་ནས་སྡེ་ལས་ཞབས་ཞུ་ཚད་ལྡན་ཅན་དང་། ཞིབ་ཚགས་ཅན། ཆེད་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ལྗོངས་ས་ཁང་ཐོན་ལས་མཐུན་ཚོགས་སྒྲིག་འཛུགས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་ཁུལ་ཆུང་གི་སྡེ་ལས་ཞབས་ཞུའི་སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་བྱེད་ཐབས(ཚོད་ལྟའི་ལག་བསྟར)》དང《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་ཁུལ་ཆུང་གི་སྡེ་ལས་ཞབས་ཞུའི་སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་ཚད་གཞི》བཟོས་པ་དང་སྦྲགས་ཁྱབ་བསྒྲགས་བྱས་ནས། རང་ལྗོངས་ཀྱི་སྡེ་ལས་ཞབས་ཞུའི་ཁྱབ་ཁོངས་སུ་དུས་ཡུན་རིང་པོར་གཞི་འཛིན་སའི་ཚད་གཞི་མེད་པའི་སྟོང་ཆ་བསྐངས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཚད་གཞི་འདི་བཟོ་བའི་བརྒྱུད་རིམ་ནང་། སྡེ་ལས་ཁེ་ལས་དང་སྤྱི་ཚོགས་སྤྱི་དམངས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད་པ་རེད། ལས་རིགས་ཀྱི་རང་གཅུན་རང་བཞིན་གྱི་ཚད་ལྡན་ཚད་གཞི་ཡིན་པའི་ཆ་ནས་ཚད་གཞི་དེར་བཙན་ཤེད་རང་བཞིན་མེད་རུང་། ཁང་བདག་དང་སྡེ་ལས་ཞབས་ཞུའི་ཁེ་ལས་དབར་སྡེ་ལས་ཞབས་ཞུའི་རྣམ་གྲངས་ཀྱི་ནང་དོན་དང་། གྲོན་བསྡུའི་རིན་གོང་། དེ་བཞིན་ཁང་བདག་གིས་སྡེ་ལས་ཞབས་ཞུའི་སྤུས་ཚད་ལ་འདེང་འཇོག་བྱེད་པ་བཅས་ཀྱི་དཔྱད་གཞིའི་གཞི་འཛིན་སར་བརྩི་ཆོག
ཚད་གཞི་དེའི་ནང་སྡེ་ལས་ཞབས་ཞུ་དེ་རིམ་པ་དམའ་བ་ནས་རིམ་པ་མཐོ་བའི་བར་སྐར་མ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་རིམ་པ་ལྔར་ཕྱེ་ཡོད་པ་དང་། སྐར་མ་རིམ་པ་ཇི་ཙམ་མཐོ་ན་སྡེ་ལས་ཀྱི་ཞབས་ཞུའི་ཚད་གཞི་དང་སྤུས་ཚད་ཀྱང་དེ་ཙམ་གྱིས་མཐོ་བ་ཡོད་པ་རེད།
ཚད་གཞི་དེའི་ནང་ད་དུང་ཞབས་ཞུའི་རིམ་པར་གཞིགས་ནས་གྲོན་དངུལ་བསྡུ་སྟངས་ཀྱི་གྲོས་འགོ་བཏོན་པ་སྟེ།
སྐར་མ་རིམ་པ་དང་པོར་སྨི་ངོས་གྲུ་རེར་ཟླ་རེར་སྒོར་0.5ནས་སྒོར་0.9བར་ཡིན་པ་དང་།
སྐར་མ་རིམ་པ་གཉིས་པར་སྨི་ངོས་གྲུ་རེར་ཟླ་རེར་སྒོར་1ནས་སྒོར་1.4བར་ཡིན་པ།
སྐར་མ་རིམ་པ་གསུམ་པར་སྨི་ངོས་གྲུ་རེར་ཟླ་རེར་སྒོར་1.5ནས་སྒོར་1.9བར་ཡིན་པ།
སྐར་མ་རིམ་པ་བཞི་པར་སྨི་ངོས་གྲུ་རེར་ཟླ་རེར་སྒོར་2ནས་སྒོར་2.4བར་ཡིན་པ།
སྐར་མ་རིམ་པ་ལྔ་པར་སྨི་ངོས་གྲུ་རེར་ཟླ་རེར་སྒོར་2.5ནས་སྒོར་3.5བར་ཡིན་པ་བཅས་རེད།
གཞན་ཡང་། ཚད་གཞི་དེའི་ནང་ད་དུང་སྡེ་ལས་དོ་དམ་གྲོན་དངུལ་གྱི་ཞིབ་ཕྲའི་གྲུབ་ཆ་ཁ་གསལ་བཟོས་ཡོད་ཅིང་། དེའི་ནང་གཙོ་བོ་རྨང་གཞིའི་ཆ་ཤས་དང་། སྡེ་ལས་ཀྱི་སྤྱི་སྤྱོད་ཆ་ཤས། སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་གི་ཆ་ཤས། གཙང་སྦྲའི་ཆ་ཤས། སྔོ་ལྗང་བདག་སྐྱོང་ཆ་ཤས་སོགས་ཚུད་ཡོད་པ་རེད། སྡེ་ལས་དོ་དམ་གྲོན་དངུལ་ནང་ཚུད་ཡོད་རིགས་བསྐྱར་དུ་གྲོན་དངུལ་ཐོལ་པ་བསྡུ་མི་ཆོག