ཉེ་ཆར། ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་ཞིབ་བཤེར་གྱི་རྣམ་པའི་ཐོག་ནས《སྲིད་དོན་བགྲོ་གླེང》ལེ་ཚན་ནང་དམར་རྗེན་དུ་བཏོན་པའི་བཀྲ་དབང་མོ་ཊ་འཇོག་ས་དང་ལྕགས་པོ་རི་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་རའི་མོ་ཊ་འཇོག་སར་བསྐྱོད་དེ། མོ་ཊ་འཇོག་གླ་བསྡུ་སའི་མངོན་གསལ་དོད་སར་མོ་ཊ་འཇོག་གླའི་སྐོར་གྱི་སྤྱི་བསྒྲགས་སྦྱར་ཡོད་མེད་དང་། དེ་བཞིན་མོ་ཊ་འཇོག་གླའི་ཚད་གཞི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་ནན་པོ་བྱས་མིན་དང་། རིན་གོང་ཚད་དང་མཐུན་མིན། ཡོངས་བསྒྲགས་བྱས་པའི་ནང་དོན་ཆ་ཚང་མིན་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
མོ་ཊ་འཇོག་ས་ནས་རིན་པ་གང་བྱུང་དུ་བསྡུ་བའི་གནས་ཚུལ་ལ་དམིགས་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཀྲ་དབང་མོ་ཊ་འཇོག་སར་ཞིབ་བཤེར་བྱེད་རིང“དངོས་སུ་བསྡུས་པའི་རིན་པ་དང་ཡོངས་བསྒྲགས་བྱས་པའི་རིན་པ་གཅིག་མཚུངས་མིན་པའི”གནས་ཚུལ་ཤེས་རྟོགས་བྱུང་བས།《རིན་གོང་སྐོར་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས》གཞིར་བཟུང་། གཉེར་སྐྱོང་མི་སྣའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་དང་སྦྲགས་དངུལ་ཆད་སྒོར་5000ཡང་བཅད་པ་རེད།
གཞན་ཡང་། ལྕགས་པོ་རི་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་རར་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་ལྕགས་པོ་རི་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་རའི་མོ་ཊ་འཇོག་ས་དང་། ལྕགས་པོ་རི་འཛུགས་སྐྲུན་དངུལ་ཁང་མདུན་གྱི་མོ་ཊ་འཇོག་ས་སོགས་སུ《བརྡ་ཁྱབ》མང་པོ་སྦྱར་ཏེ། གྲོང་མི་རྣམས་ལ་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པའི་མོ་ཊ་འཇོག་སར་འཇོག་གླ་སྤྲོད་མི་དགོས་པའི་གསལ་བཤད་བྱས་པ་མ་ཟད། ད་དུང་མོ་ཊ་འཇོག་སའི་གཉེར་སྐྱོང་དོ་དམ་སྡེ་ཚན་ལ་ཐོ་འགོད་སྙན་སེང་གི་འགྲོ་ལུགས་མ་གཉེར་གོང་རྣམ་པ་གང་རུང་གི་ཐོག་ནས་མོ་ཊ་འཇོག་གླ་བསྡུ་མི་ཆོག་པའི་བླང་བྱ་བཏོན་པ་རེད།
གོམ་སྟབས་རྗེས་མར་འབྲེལ་ཡོད་སྡེ་ཚན་གྱིས་མོ་ཊ་འཇོག་པའི་ཞབས་ཞུའི་རིན་བསྡུའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་ཏེ། མོ་ཊའི་འཇོག་གླ་བསྡུ་བའི་ལས་དོན་ལ་ལྟ་འདོམས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། མོ་ཊ་འཇོག་སའི་གཉེར་སྐྱོང་དོ་དམ་ཚན་པས་རིན་པ་བསྡུ་བའི་ཚད་གཞི་ཁ་གསལ་མ་བཟོས་པ་དང་། ཐོ་འགོད་བྱས་པའི་རིན་གོང་ལྟར་མ་བསྡུ་བ། གཏན་འབེབས་བྱས་པའི་རིན་པ་སྤྲོད་མི་དགོས་པའི་དུས་ཚད་ལག་བསྟར་མི་བྱེད་པ། རིན་གོང་གཡོ་ལེན་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་དང་། ཁྲིམས་འགལ་ངང་རིན་པ་བསྡུ་བའི་དོགས་གཞི་ཡོད་པའི་བྱེད་སྤྱོད་ཤེས་རྟོགས་ཐུབ་ཚེ། ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ནས། གྲོང་མི་རྣམས་ལ་ཕྱིར་སྐྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་རེད།