ལྷ་ས་གྲོང་ཁྱེར་གྱིས་གློག་སྒུལ་སྦག་སྦག་ལ་འཁོར་རྟགས་སྒར་བའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། གྲོང་མི་མི་ཉུང་བ་ཞིག་གིས་གློག་སྒུལ་སྦག་སྦག་ལ་འཁོར་རྟགས་སྒར་བའི་འབྲེལ་ཡོད་ཆ་རྐྱེན་དང་བླང་བྱ་ཤེས་རྟོགས་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་གློག་སྒུལ་སྦག་སྦག་གི་འཁོར་རྟགས་ལ་ཚོས་གཞི་ལྗང་ཁུ་དང་། སྔོན་པོ། སེར་པོ་བཅས་ཁག་གསུམ་ལ་དབྱེ་ཡོད། དེས་ན་གློག་སྒུལ་སྦག་སྦག་མི་འདྲ་བར་འཁོར་རྟགས་ཚོས་གཞི་གང་ཞིག་བསྒར་དགོས་སམ་ཞེ་ན།
གློག་སྒུལ་སྦག་སྦག་ལ་གཙོ་བོ་གློག་སྒུལ་རྐང་འཁོར་དང་། གློག་སྒུལ་སྟབས་བདེའི་སྦག་སྦག གློག་སྒུལ་སྦག་སྦག་བཅས་ཁག་གསུམ་ལ་དབྱེ་ཡོད།
གཅིག གློག་སྒུལ་རྐང་འཁོར་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་ཡོབ་བསྒར་ཡོད། གློག་སྒུལ་རྐང་འཁོར་གཏོང་མཁན་གྲོང་མི་ཚོས་གློག་སྒུལ་རྐང་འཁོར་གཏོང་ཆོག་པའི་ལག་ཁྱེར་ལེན་མི་དགོས་པ་དང་དེར་འཁོར་རྟགས་ཚོས་གཞི་ལྗང་ཁུ་བསྒར་དགོས།
གཉིས། གློག་སྒུལ་སྦག་སྦག
1. སྟབས་བདེའི་གློག་སྒུལ་སྦག་སྦག
སྟབས་བདེའི་གློག་སྒུལ་སྦག་སྦག་ལ་འཁོར་གཉིས་དང་འཁོར་གསུམ་གཉིས་ལ་དབྱེ་ཆོག་པ་དང་། དེའི་མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྟོང་མི་50ལས་བརྒལ་མི་ཆོག་པ་དང་། མི་གཅིག་ལས་བཞོན་ཆོག་གི་མེད། སྟབས་བདེའི་གློག་སྒུལ་སྦག་སྦག་གཏོང་མཁན་གྲོང་མི་ཚོས་སྦག་སྦག་གཏོང་ཆོག་པའི་Fརིམ་པའི་ལག་ཁྱེར་ལེན་དགོས་པ་དང་དེར་འཁོར་རྟགས་ཚོས་གཞི་སྔོན་པོ་བསྒར་དགོས།
2.གློག་སྒུལ་སྦག་སྦག་དཀྱུས་མ།
གློག་སྒུལ་སྦག་སྦག་དཀྱུས་མ་གཏོང་སྐབས་གློག་སྒུལ་སྦག་སྦག་དཀྱུས་མ་གཏོང་ཆོག་པའི་ལག་ཁྱེར་དགོས་པ་དང་། དེའི་ནང་Eརིམ་པའི་ལག་ཁྱེར་ཡོད་ཚེ་འཁོར་གཉིས་གློག་སྒུལ་སྦག་སྦག་དཀྱུས་མ་གཏོང་ཆོག་པ་དང་། Dརིམ་པའི་ལག་ཁྱེར་ཡོད་ཚེ་སྲོལ་རྒྱུན་གྱི་འཁོར་གསུམ་གློག་སྒུལ་སྦག་སྦག་དཀྱུས་མ་དང་དེང་རབས་ཀྱི་འཁོར་གསུམ་གློག་སྒུལ་སྦག་སྦག་དཀྱུས་མ་གཏོང་ཆོག་པ་མ་ཟད། Fརིམ་པ་དང་Eརིམ་པའི་ལག་ཁྱེར་གྱི་གཏོང་ཆོག་པའི་འཁོར་རིགས་རྣམས་གཏོང་ཆོག གློག་སྒུལ་སྦག་སྦག་དཀྱུས་མར་འཁོར་རྟགས་ཚོས་གཞི་སེར་པོ་བསྒར་དགོས།
འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན།
གྲོང་མི་ཚོས་འཁོར་རིགས་དེ་རིགས་ཉོ་སྐབས་ངེས་པར་དུ་འཁོར་རིགས་ཀྱི་དབྱེ་བ་གསལ་པོ་ཤེས་པ་བྱས་ནས། རང་ཉིད་ལ་འཚམ་པའི་འཁོར་རིགས་འདེམས་པ་དང་འབྲེལ་འཁོར་རིགས་ཉོས་འཛིན་ཉར་ཚགས་ཡག་པོ་བྱས་ཏེ། གང་མགྱོགས་འཁོར་རྟགས་བསྒར་བའི་འགྲོ་ལུགས་གཉེར་དགོས།
གཞན་ཡང་། འཁོར་རིགས་དེ་རིགས་གཏོང་སྐབས་གློག་སྒུལ་རྐང་འཁོར་ཡིན་ཚེ་འཕྲུལ་སྒུལ་མིན་པའི་འཁོར་ལམ་ཐོག་བསྐྱོད་དགོས་པ་དང་། དེ་མིན་སྦག་སྦག་དཀྱུས་མ་ཚང་མ་འཕྲུལ་སྒུལ་འཁོར་ལམ་ཐོག་སྐྱོད་དགོས། འོན་ཀྱང་སྦག་སྦག་གང་ཞིག་བཏང་རུང་ངེས་པར་དུ་རྨོག་ཞྭ་གྱོན་དགོས།