བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་5ཚེས་9ཉིན་གྱི་ཆུ་ཚོད་8པ་ནས་བཟུང་། G4218ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཀོང་པོ་རྒྱ་མདའ་ནས་ལྷ་ས་དུམ་བུའི་ཁྱོན་སྤྱི་ལེ་255ཟིན་པའི་ལམ་དུམ་དུ་ཟོག་འདྲེན་རླངས་འཁོར་ཚོད་ལྟའི་ཤར་གཏོང་བྱས་པ་དང་། ཚོད་ལྟའི་ཤར་གཏོང་དུས་ཡུན་ཟླ་བ་3རེད།
དེ་ལས་བོད་ཀྱི་རིམ་མཐོའི(མྱུར་བགྲོད་གཞུང་ལམ)གཞུང་ལམ་དུ་ཟོག་འདྲེན་རླངས་འཁོར་འགྲོ་མི་ཆོག་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཞིང་། བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་། ཟོག་འདྲེན་མ་གནས་དམའ་རུ་གཏོང་བ། ཟོག་འདྲེན་ཤར་བགྲོད་བཅས་བྱུང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྤུས་ཚད་དེ་བས་མཐོ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་འདེགས་ཞུས་ཡོད་པ་རེད།
ཚོད་ལྟའི་འཁོར་སྐྱོད་བྱེད་རིང་། ཟོག་འདྲེན་རླངས་འཁོར་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལྷ་སའི་ཐོན་སྒོ་དང་འཛུལ་སྒོ་དང་། དེ་བཞིན་མལ་གྲོ་གུང་དཀར་དང་ཀོང་པོ་རྒྱ་མདའི་མཐུད་མཚམས་ནས་འགྲོ་འོང་བྱ་ཆོག་པ་ཕུད། དེ་བྱིངས་ཀྱི་མཐུད་མཚམས་ནས་ཕྱིར་ཐོན་པ་ལས་འཛུལ་ཆོག་གི་མེད། རིམ་མཐོའི་གཞུང་ལམ་དུ་སྐྱོད་པའི་ཆ་རྐྱེན་དང་མཐུན་པའི་འཁོར་རིགས་གཞན་རྒྱུན་གཏན་ལྟར་བསྐྱོད་ཆོག་གི་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། གོམ་སྟབས་རྗེས་མར་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“ལམ་གཅིག་འཐུས་སྒོ་ཚང་ན་དེ་ཤར་གཏོང་བྱས་ནས་ཉམས་མྱོང་གསོག་འཇོག་བྱེད་པ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བའི”རྩ་དོན་གཞིར་བཟུང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་དུ་ཟོག་འདྲེན་རླངས་འཁོར་ཚོད་ལྟའི་ཤར་གཏོང་བྱས་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་དང་། G349རྩེད་ཐང་ནས་གོང་དཀར་བར། G4218གཞིས་རྩེ་ནས་ལྷ་ས་བར་གྱི་རིམ་མཐོའི(མྱུར་བགྲོད་གཞུང་ལམ)གཞུང་ལམ་གྱི་འབྲེལ་ཡོད་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་གཞིགས་ནས། རིམ་མཐོའི(མྱུར་བགྲོད་གཞུང་ལམ)གཞུང་ལམ་དུ་ཟོག་འདྲེན་རླངས་འཁོར་རིམ་པ་བཞིན་བརྟན་པོའི་ངང་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད།