ཟླ་4ཚེས་19ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་རུ་ཆེན་གྱིས། ཟོག་འདྲེན་རླངས་འཁོར་ཞིག་གིས་ཤོང་ཚད་ལས་100%བརྒལ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཅིག་བདེ་བླག་ངང་རྩད་ཆོད་པ་རེད།
ཚེས་19ཉིན་གྱི་སྔ་དྲོར། ཞིབ་བཤེར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱལ་ལམ་318ཀྱི་སྤྱི་ལེ་4872སར་ལས་སྒྲུབ་བྱེད་སྐབས། ལྗིད་ཚད་ཆེ་བའི་ཕྱེད་འདྲུད་གཞོང་རླངས་འཁོར་ཞིག་ཤུགས་རྒྱག་མི་ཐུབ་པར་དལ་བུར་སྐྱོད་བཞིན་ཡོད་པ་མཐོང་བས། སྐབས་དེར་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁྲིམས་ལྟར་རླངས་འཁོར་ཁ་བཀག་ནས། ཁ་ལོ་བར་རླངས་འཁོར་ལ་ལྗིད་ཚད་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན། ཞིབ་བཤེར་བྱས་པ་བརྒྱུད། རླངས་འཁོར་འདིའི་སྤྱིའི་ཐེག་ཚད་ཀྱི་སྤུས་ཚད་ལ་ཏུན་40ཡིན་པ་དང་། ཐེག་ཚད་ཏུན་33.5ཡིན་རུང་། ཟོག་འཁོར་གྱི་དོན་དངོས་ལྗིད་ཚད་ལ་ཏུན་119.70ཟིན་ནས་ཐེག་ཚད་ལས་100%ཡན་བརྒལ་ཡོད་པ་ཤེས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། མི་དམངས་ཉེན་རྟོག་པས་ཁ་ལོ་བ་རྒྱལ་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་6བཅག་པ་དང་དངུལ་ཆད་སྒོར་1900བཏང་བ་མ་ཟད། ཚད་ལས་བརྒལ་བའི་དངོས་ཟོག་ཀྱང་འབེབས་སུ་བཅུག་པ་རེད།
ཟོག་འཁོར་དུ་ཐེག་ཚད་ལས་བརྒལ་བའི་དངོས་ཟོག་བླུགས་ཚེ། འགྲིམ་འགྲུལ་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་བཟོ་སྲིད་པས། འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་ཟོག་འཁོར་གཏོང་མཁན་གྱི་ཁ་ལོ་བ་རྣམས་ལ། ཁེ་སྤོགས་ཆུང་རྩག་གི་ཆེད་དུ་རང་ཉིད་དང་མི་གཞན་གྱི་བདེ་འཇགས་ལ་སྣང་ཆུང་བྱ་མི་རུང་བའི་འབོད་སྐུལ་བྱས་འདུག