ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཤེས་བྱ།
མིག་སྔར། ལོ་གསུམ་མན་གྱི་ཕྲུ་གུར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མེད་པར་བརྟེན་འགོག་སྲུང་གང་འདྲ་བྱེད་དགོས་སམ་ཞེ་ན།
● ཁྱིམ་བདག་གམ་ཡང་ན་ལྟ་སྐྱོང་མཁན་གྱིས་ལོ་གསུམ་མན་གྱི་ཕྲུ་གུར་ལྟ་སྐྱོང་བྱེད་སྐབས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་ཤིང་། མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལ་དོ་སྣང་བྱེད་དགོས་པ་དང་། རྒྱུན་གཏན་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ། ཁ་རས་ཡག་པོ་རྒྱག་པ། ལག་པ་གཙང་མ་བཀྲུ་བ། མིའི་དབར་བར་ཐག་འོས་འཚམ་འཇོག་པ། ཧབ་ཅི་དང་གློ་རྒྱག་སྐབས་ཕྲུ་གུའི་མདུན་དུ་མི་སྡོད་པ་བཅས་བྱེད་དགོས།
● ཕྲུ་གུ་དམར་འབྱར་གྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་ལོགས་བཀར་བེད་སྤྱོད་བྱེད་དགོས་ཤིང་། ཁྱིམ་བདག་གམ་ལྟ་སྐྱོང་མཁན་གྱིས་ཕྲུ་གུར་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་འཇགས་པར་བྱེད་དགོས་པ་སྟེ། ལག་པ་ཡང་སེ་བཀྲུ་བ་དང་། གང་བྱུང་དུ་ལག་པ་མི་འཆང་བ། ལག་པ་ཁ་ནང་དུ་མི་བླུགས་པ། སྣ་ཁུང་མི་སྔོག་པ། མིག་མི་འཕུར་བ་སོགས་བྱེད་དགོས།
● ཕྲུ་གུ་དམར་འབྱར་གྱི་ཁྱིམ་བདག་དང་། ལྟ་སྐྱོང་མཁན། ཁང་པ་གཅིག་ནང་མཉམ་དུ་སྡོད་མཁན། གཡོག་བྱེད་བྱེད་མཁན་བཅས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཚང་མ་རྒྱག་དགོས། དེ་ནི་རང་ཉིད་ལ་སྲུང་སྐྱོང་བྱས་པ་ཞིག་རེད་ལ་ཕྲུ་གུར་ཡང་སྲུང་སྐྱོང་བྱས་པ་ཞིག་ཀྱང་རེད།
● ཕྲུ་གུ་དམར་འབྱར་ལ་དབུགས་ལམ་གྱི་ནད་ཕོག་ཚེ་གང་ཐུབ་ཅི་ཐུབ་ཀྱིས་ཕྱིར་ཉུང་ཙམ་བསྐྱོད་དགོས། གལ་སྲིད་ཕྱིར་བསྐྱོད་དགོས་ཚེ་ངེས་པར་དུ་ཁ་རས་ཡག་པོ་རྒྱག་དགོས།
● འདུ་འཛོམས་ཉུང་ཙམ་བྱེད་དགོས་པ་དང་ཕྱིར་ཉུང་ཙམ་བསྐྱོད་དགོས། མི་སྣ་འདུ་འཛོམས་བྱེད་མང་བའི་སྤྱི་པའི་འདུ་གནས་དང་རླུང་འགྲོ་ཡག་པོ་མེད་སར་ཉུང་ཙམ་བསྐྱོད་ནས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས། ཕྲུ་གུ་སྨན་ཁང་དུ་སྨན་པ་བསྟེན་པའམ་ཡང་ན་སྨན་ཁབ་རྒྱག་པའི་དུས་ཡུན་ཐུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་ཁྱིམ་དུ་ལོག་རྗེས་ལམ་སེང་ལག་པ་འཁྲུད་དགོས།
● ཕྱིར་མ་བསྐྱོད་གོང་། ཁྱིམ་བདག་གམ་ཡང་ན་ལྟ་སྐྱོང་མཁན་གྱིས་ཕྱིར་བསྐྱོད་པའི་དུས་ཚོད་དང་སྐྱོད་ཡུལ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་སྟེ། ཕྲུ་གུ་མི་ཉུང་ས་དང་རླུང་འགྲོ་ཡག་པོ་ཡོད་སར་རྩེད་མོ་རྩེ་བར་འཁྲིད་དགོས་པ་དང་། ཕྲུ་གུས་སྤྱི་པའི་ཅ་དངོས་ལ་ཐད་ཀར་ལག་པ་འཆང་དུ་འཇུག་མི་རུང་ལ། གལ་ཏེ་ལག་པ་འཆང་ཚེ་ལམ་སེང་འཁྲུད་དགོས།
● ཁྱིམ་བདག་གམ་ཡང་ན་ལྟ་སྐྱོང་མཁན་གྱིས་མིག་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ། རྒྱང་སྒྲིབ་ནད་ཕོག་རྒྱུར་སྔོན་འགོག་བྱེད་དགོས། དེ་བཞིན་ཚན་རིག་དང་མཐུན་པའི་ལུས་སྦྱོང་འོས་འཚམ་བྱེད་པ་དང་། འཚོ་བཅུད་སྙོམས་པོ་ཡོང་བ་བྱེད་པ། ངལ་གསོ་ཡག་པོ་རྒྱག་པ་བཅས་བྱས་ཏེ་གཟུགས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས།
● ཁྱིམ་བདག་དང་། ལྟ་སྐྱོང་མཁན། ཕྲུ་གུ་དམར་འབྱར་ལ་གཡོག་བྱེད་བྱེད་མཁན་བཅས་ལ་ཚ་བ་རྒྱག་པ་དང་། གློ་རྒྱག་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་ཕྲུ་གུ་དང་ཐད་ཀར་འབྲེལ་ཐུག་བྱེད་མི་རུང་།
● ཕྲུ་གུའི་ཉལ་ཁང་གི་གཙང་སྦྲ་ཡག་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྒོ་དང་སྒེའུ་ཁུང་འོས་འཚམ་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས་ལ། མཁའ་རླུང་སྙོམས་སྒྲིག་གི་ཡོ་ཆས་ཡུན་རིང་བེད་སྤྱོད་བྱེད་མི་རུང་།
● རིམས་ནད་འགོས་ཁྱབ་ཆེ་བའི་དུས་སུ་ཁྱིམ་བདག་དང་། ལྟ་སྐྱོང་མཁན། ཕྲུ་གུར་གཡོག་བྱེད་བྱེད་མཁན་བཅས་ཀྱིས་ས་ཆ་དེ་གའི་རིམས་འགོག་བླང་བྱར་གཞོགས་འདེགས་དེ་བས་ཡག་པོ་བྱེད་དགོས།
ཕྲུ་གུའི་བདེ་ཐང་གི་ཆེད་དུ་ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་གནང་དང་།