ཉེ་ཆར། ཏ་ལེན་དང་། པེ་ཅིང་། ཅང་སུའུ་བཅས་ས་ཆ་གསུམ་གྱིས། གཏན་འཁེལ་ནད་དཔེ་ཧན་གོ་ནས་ནང་འདྲེན་བྱས་པའི་གྱོན་ཆས་དང་འབྲེལ་བ་ཡོད་བཟོ་འདུག་ཅེས་བརྡ་ཁྱབ་བཏང་འདུག་པས། འདིར་གྲོང་མི་ཚོས་རིམས་ནད་ཐོན་མང་བའི་དུས་སུ་ཕྱི་རྒྱལ་དང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཅ་དངོས་ཉོ་དུས་གཟབ་གཟབ་ནན་ནན་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
མིག་སྔར་རིམས་འགོག་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད་ཅིང་། དེ་ཡང་ཕྱི་རྒྱལ་དུ་རིམས་ནད་རྒྱུན་མཐུད་ངང་མཆེད་བཞིན་ཡོད་པ་དང་། རྒྱལ་ནང་གི་ས་ཆ་མང་པོར་རིམས་ནད་ཐོན་ཡོད། ད་འོ་ན་ཇི་ལྟར་བྱས་ཏེ་མྱུར་སྐྱེལ་བསྐུར་མ་བླངས་ན་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ་བམ་ཞེ་ན།
གཅིག ཟོག་ཁུངས་ལ་དོ་སྣང་ཆེན་པོ་བྱེད་དགོས།
རིམས་ནད་ཐོན་མང་བའི་དུས་སུ། ཕྱི་རྒྱལ་དང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཅ་དངོས་ཉོ་དུས་གཟབ་ནན་བྱེད་དགོས་ཤིང་། བསྐུར་མ་སྐུར་མཁན་ཕྱོགས་ལ་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་བསྐུར་བྱའི་དངོས་རྫས་ལ་དུག་སེལ་བྱས་རྗེས་ཐུམ་སྒྲིལ་ཡག་པོ་རྒྱག་དགོས་པའི་དྲན་སྐུལ་བྱེད་དགོས།
གཉིས། རང་ཉིད་ལ་འགོག་སྲུང་ཡག་པོ་བྱས་རྗེས་གཞི་ནས་ལེན་དགོས།
སྦྲག་ཐོག་མྱུར་སྐྱེལ་བསྐུར་མ་ལེན་སྐབས། ངེས་པར་དུ་ཁ་རས་ཡག་པོ་རྒྱག་པ་དང་སྤྱོད་གཅིག་མའི་ལག་ཤུབས་གྱོན་པ་ལས་ཐད་ཀར་ལག་པས་ཅ་ལག་ལ་ཐུག་མི་རུང་། ཡག་ཤོས་བྱུང་ན་སྦྲག་སྐྱེལ་བསྐུར་མ་སྐྱེལ་མཁན་དང་ལེན་མཁན་དབར་ལ་འབྲེལ་ཐུག་མི་ཡོང་བྱེད་དགོས། གལ་ཏེ་གདོང་ཐུག་ནས་མིང་རྟགས་འགོད་དགོས་ཚེ། སྦྲག་སྐྱེལ་བསྐུར་མ་སྐྱེལ་མཁན་དང་བར་ཐག་གང་འཚམ་འཇོག་དགོས།
གསུམ། དུག་སེལ་བྱས་ཏེ་རང་སོར་བཞག་རྗེས་གཞི་ནས་ཁ་འབྱེད་དགོས།
སྦྲག་ཐོག་མྱུར་སྐྱེལ་བསྐུར་མ་ལེན་ས་རང་དུ་ཁ་འབྱེད་པ་ལས་ཐུམ་སྒྲིལ་ཁྱིམ་དུ་ཁྱེར་མི་རུང་། ཁ་འབྱེད་སྐབས་སྔོན་ལ་ཁིལ་རྒྱུ་ལྡན་པའི་དུག་སེལ་སྨན་ཆུའམ་ཡང་ན་ཅིའུ་ཅིང་75%ཟིན་པ་ཡིས་ཕྱི་ངོས་དང་ནང་ངོས་ཁྱོན་ཡོངས་ལ་རིམ་པས་དུག་སེལ་ཡག་པོ་བྱས་རྗེས་རླུང་འགྲོ་ཡག་སར་སྐར་མ་30འཇོག་དགོས།
བཞི། ཁ་ཕྱེ་ཚར་རྗེས་ལག་པ་འཁྲུད་དགོས།
ཁ་འབྱེད་པའི་བརྒྱུད་རིམ་ནང་ལག་པས་ཁ་དང་། མིག སྣ་སོགས་ལ་རེག་མི་རུང་པ་དང་། སྦྲག་ཐོག་མྱུར་སྐྱེལ་བསྐུར་མ་ཁ་ཕྱེ་ཟིན་རྗེས་དུས་ཐོག་ཏུ་ལག་ཤུབས་ཕུད་དེ་དག་རྫས་བྱུག་ནས“ལག་པ་བཀྲུ་བའི་གོ་རིམ་བདུན”གཞིར་བཟུང་ལག་པ་ནན་གྱིས་འཁྲུད་དགོས་ལ། ལག་པར་དུག་སེལ་སྨན་ཆུའམ་ཡང་ན་ཅིའུ་ཅིང་75%ཟིན་པ་ཡིས་ལག་པ་གཉིས་ལ་དུག་སེལ་བྱེད་དགོས།
ཤ་ཚའི་དྲན་སྐུལ།
གལ་ཏེ་ཚ་བ་རྒྱས་པ་དང་། ཤུགས་མེད་པ། མིད་པ་ན་བ། ཟུག་གཟེར་རྒྱག་པ། གྲོད་པ་བཤལ་བ། དྲི་ཚོར་དང་རོ་ཚོར་ཉམས་པ། གློ་རྒྱག་པ་སོགས་གཟུགས་པོ་མི་བདེ་བའི་ནད་རྟགས་ཐོན་ཚེ། དུས་ཐོག་ཏུ་སྙན་སེང་ཞུ་བའམ་དམིགས་བཙུགས་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་པ་དང་། འབྲེལ་ཡོད་འགྲུལ་བཞུད་ཀྱི་གནས་ཚུལ་དང་འབྲེལ་གཏུག་གི་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།