དབུ་ཤོག>གསར་འགྱུར།
  • རིམས་འགོག་འཐབ་ས་དང་པོ་ནས་ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་མཛའ་གཅུགས་ཟབ་མོ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲི་ཡུས།   |     སྤེལ་དུས།  2022-04-10

    ཉེ་ཆར། ཆོན་ཀྲོའུ་རུ་ཟབ་སྦྱོང་ལ་སྐྱོད་མཁན་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ཁག་གསུམ་པའི་སློབ་མ་ལྷག་པ་ཚེ་རིང་དང་། བློ་བཟང་སྒྲོལ་མ། ཀྲང་ཡུང་། ཀྲུའུ་དབྱིན་ཞ་སོགས་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཆོན་ཀང་ཆུས་སྤྱི་ཁྱབ་སྨན་ཁང་གི་སྨན་དོན་པ་དང་མཉམ་དུ་ཆོན་ཀང་ཆུས་ཀྱི་ཧྲན་ཡའོ་ཁྲོམ་གཞུང་དུ་གཞི་ཁྱོན་ཆེ་བའི་མི་ཚོགས་ལ་ཉིང་སྐྱུར་འཚོལ་བསྡུ་ཐེངས་བཞི་པ་བྱེད་པར་བསྐྱོད།

    “ཆོན་ཀྲོའུ་རུ་རིམས་ནད་ཐོན་ཚུན་རང་ཉིད་གམ་གྱི་དགེ་རྒན་དང་ལས་རོགས་ཚང་མ་འཐབ་ས་མདུན་མར་མངགས་སོང་བས་རང་ཉིད་ཀྱིས་ཀྱང་རིམས་འགོག་ལས་དོན་ལ་སྟོབས་ཤུགས་ཕྲན་བུ་འབུལ་འདོད་བྱུང”ཞེས་ཆོན་ཀྲོའུ་རུ་ཟབ་སྦྱོང་ལ་སྐྱོད་མཁན་བོད་རང་སྐྱོང་ལྗོངས་ལྷོ་རོང་རྫོང་གི་ཁག་གསུམ་པའི་ཟབ་སྦྱོང་རུ་ཁག་གི་རུ་སྣེ་ཁྲིད་མཁན་ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་ཟླ་3ཚེས་14ཉིན་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཆོན་ཀང་ཆུས་སྤྱི་ཁྱབ་སྨན་ཁང་དུ་ཟབ་སྦྱོང་བྱེད་བཞིན་པའི་ལྷོ་རོང་རྫོང་གི་ཆོན་ཀྲོའུ་རུ་ཟབ་སྦྱོང་ལ་སྐྱོད་མཁན་ཁག་གསུམ་པའི་རུ་མི་10ཡིས་དམག་འཐབ་ཞུ་ཡིག་བྲིས་ཏེ་མཛུབ་མཐེལ་དམར་པོ་བརྒྱབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་ལ་ཞུགས། ཁོང་ཚོ་ལ་ལ་འཐབ་ས་མདུན་མའི་གཞི་ཁྱོན་ཆེ་བའི་མི་ཚོགས་ཀྱི་ཉིང་སྐྱུར་འཚོལ་བསྡུར་ཞུགས་པ་དང་ལ་ལ་རྒྱབ་ཕྱོགས་ཀྱི་PCRཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་དུ་བྲེལ་བརྩོན་ཆེན་པོས་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་ཡོད།

    “སྨན་དོན་མི་སྣ་ཞིག་གི་ངོས་ནས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་ཐུབ་པར་ཧ་ཅང་དགའ་པོ་བྱུང”ལྷག་པ་ཚེ་རིང་གཞི་ཁྱོན་ཆེ་བའི་མི་ཚོགས་ཀྱི་ཉིང་སྐྱུར་འཚོལ་བསྡུའི་དཔུང་ཁག་ལ་ཞུགས་པ་དང་རྟག་ཏུ་ཐོ་རེངས་ཆུ་ཚོད་ལྔ་པ་ནས་ཐོན་ཏེ་དགོང་མོའི་ཆུ་ཚོད་དྲུག་པ་ཙམ་དུ་ལས་མཇུག་འགྲིལ་བ་དང་འགོག་སྲུང་གྱོན་གོས་གྱོན་པ་དང་ཕུད་རིང་དུས་ཚོད་ཕྲན་བུ་འགོར་བས་གྲོང་མི་ཚང་མ་བང་བསྒྲིགས་པ་མཐོང་སྐབས་ཚང་མ་སྒུག་ཡུན་རིང་པོ་མི་ཡོང་བའི་ཆེད་རུ་མི་ཚོར་ཆུའང་འཐུང་ལོང་མེད་ཅེས་ལྷག་པ་ཚེ་རིང་གིས་བཤད།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་འགོ་ནད་དོ་དམ་ཁོའོ་ནས་ཆོན་ཀང་ཆུས་སྤྱི་ཁྱབ་སྨན་ཁང་དུ་ཟབ་སྦྱོང་དུ་ཡོང་བའི་ལིའུ་ཀྲན་ཅིན་ནི་ལས་ཀར་ཞུགས་མ་ཐག་པའི་ནད་སྐྱོང་པ་ཞིག་ཡིན་ཞིང་། ཆོན་ཀང་ཆུས་ཕུང་ཝེ་གྲོང་རྡལ་དུ་ཁོང་གིས་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་འཚོལ་བསྡུ་བྱེད་པའི་ནང་ཞུགས་པ་དང“ང་རིམས་འགོག་གི་འཐབ་ས་དང་པོར་ལས་ཀ་བྱེད་ཐེངས་དང་པོ་ཡིན། ཉིན་འགའི་གོང་དུ་ཆོན་ཀྲོའུ་ཡི་དྲོད་ཚད་མཐོ་བ་དང་འགོག་སྲུང་གྱོན་གོས་གྱོན་རྗེས་ངོ་གདོང་ལས་རྔུལ་ཆུ་བར་མེད་དོན་གྱི་འདུག མ་གཞི་དཀའ་ངལ་ཆེ་མོད། འོན་ཀྱང་ཆོན་ཀྲོའུ་ཡི་རིམས་འགོག་ཆེད་ནུས་པ་ཕྲན་བུ་འདོན་ཐུབ་ཚེ་དཀའ་ལས་རྒྱག་རིན་འདུག་སྙམ་བྱུང”ཞེས་ལིའུ་ཀྲན་ཅིན་གྱིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཟླ་7པར་ཆོན་ཀྲོའུ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དབར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཞིང་། སྨན་བཅོས་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་སྤེལ་ནས་བོད་ལྗོངས་ལྷོ་རོང་རྫོང་གི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ལྷོ་རོང་ལས་དོན་ཚོགས་ཆུང་གིས་ན་ནིང་ཟླ་12པར་ལྷག་པ་ཚེ་རིང་དང་ལིའུ་ཀྲན་ཅིན་ཚུད་པའི་ཡུལ་དེའི་སྨན་དོན་མི་སྣ་10ཆོན་ཀྲོའུ་གྲོང་ཁྱེར་ཆོན་ཀང་ཆུས་སྤྱི་ཁྱབ་སྨན་ཁང་དུ་ཟབ་སྦྱོང་ལ་མངགས་པ་དེའང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་དང་དགུ་པ་མངགས་ཚུན་ཆོན་ཀྲོའུ་རུ་སྨན་དོན་ཆེད་དོན་གསོ་སྦྱོང་ལ་སྐྱོད་ཐེངས་དྲུག་པ་དེ་རེད།

    “ཁག་དང་པོ་དང་གཉིས་པར་ཟབ་སྦྱོང་དུ་སྐྱོད་མཁན་ལས་རོགས་ཚོས་རང་ཉིད་ཀྱིས་སྦྱངས་པའི་ཉམས་མྱོང་དེ་དག་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྨན་བཅོས་སྒྲིག་གཞིར་ཁྱབ་གདལ་བཏང་ནས་རྫོང་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བས་ཚང་མ་ཡར་རྒྱས་དང་འགྱུར་ལྡོག་བྱུང་བ་མཐོང་སྐབས་ངས་ཀྱང་ད་ཐེངས་ཀྱི་གསོ་སྦྱོང་ལ་མིང་ཐོ་བཀོད་པ་ཡིན”ཞེས་ལྷག་པ་ཚེ་རིང་གིས་བཤད་ཅིང་། ཆོན་ཀྲོའུ་རུ་སློབ་སྦྱོང་བྱེད་པའི་དུས་ཚོད་ཟླ་བ་གསུམ་ལྷག་ཙམ་རིང་རྣམ་ཀུན་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱིས་བུམ་པ་གང་བྱོའི་ཚུལ་གྱིས་ཁྲིད་པ་མ་ཟད་ད་དུང་ཞིང་ཆེན་རིམ་པའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་གཅིག་གཏད་གཅིག་གི་ཆེད་དོན་གསོ་སྦྱོང་བྱས་པས་ཚང་མས་ཆེད་ལས་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཁོང་དུ་ཆུད་ཡོད། “ཆོན་ཀྲོའུ་ཡིས་དུས་ཡུན་རིང་པོར་ལྷོ་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་ཆོན་ཀྲོའུ་དང་ལྷོ་རོང་དབར་གཅེན་གཅུང་ལྟར་གྱི་མཛའ་གཅུགས་ཟབ་པོ་ཡོད། དེ་གར་སླེབས་རྗེས་ང་ཚོས་ཀྱང་ཆོན་ཀྲོའུ་ལ་ནུས་པས་ལྕོགས་ཚོད་ཀྱི་ལས་ཀ་ཕྲན་བུ་བྱེད་འདོད་འདུག”ཅེས་ལྷག་པ་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།