ད་ལོ་རང་ལྗོངས་ཀྱིས་ཁང་གླའི་ཁ་གསབ་དུད་ཚང་ཁྲི་1ལ་སྤྲོད་རྩིས་ཡོད་ཅིང་། ས་གནས་དེ་རང་གི་གྲོང་མི་དང་ལས་ཞུགས་བརྟན་པོ་ཡོད་པའི་ཕྱི་ནས་ཡོང་མཁན་གྱི་གླ་པ་ཚང་མས་རེ་ཞུ་བྱེད་ཆོག་པ་དང་། ཁ་གསབ་དངུལ་གྲངས་ཀྱི་ཚད་གཞི་ནི་སྨི་ངོས་གྲུ་རེར་ཟླ་རེར་སྒོར་15སྤྲོད་རྒྱུ་དང་། ས་གནས་དེ་རང་གི་གྲོང་མིའི་ཐེམ་ཐོ་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་བསྡུར་གྲངས་100%སྤྲོད་རྒྱུ། འགན་ལེན་བྱ་ཡུལ་གཞན་དག་ལ་བསྡུར་གྲངས་70%སྤྲོད་རྒྱུ་བཅས་ཡིན་པ་རེད།
གཅིག ས་གནས་དེ་རང་ལ་ཐེམ་ཐོ་ཡོད་པའི་གྲོང་མིས་ཁང་གླའི་ཁ་གསབ་རེ་ཞུ་བྱེད་པར་གཤམ་གསལ་ཆ་རྐྱེན་དག་ཚང་དགོས་པ་སྟེ།
1.ཁྱིམ་ཚང་གི་ཡོང་འབབ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱིམ་ཚང་གི་ཡོང་འབབ་ཚད་གཞི་ལས་དམའ་བ་དང་། རེ་ཞུ་བྱེད་མཁན་དང་ཐུན་མོང་ཐོག་རེ་ཞུ་བྱེད་མཁན་གྱི་ཁྱིམ་ཚང་གི་ཁོངས་མིར་འཕྲུལ་སྒུལ་འཁོར་རིགས(དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རླངས་འཁོར་ཚུད་མེད)ཡོད་མི་རུང་བ་དང་། ཁྱིམ་ཚང་གི་བཅོལ་དངུལ་དང་རིན་ཡོད་འཛིན་ལོར་གྱི་བསྡོམས་འབོར་སྨི་ངོས་གྲུ་70ཟིན་པའི་སྤྱིར་བཏང་གི་ཚོང་སྒྱུར་སྡོད་ཁང་ཉོ་བའི་རིན་གོང་གི་30%ལས་བརྒལ་མི་རུང་ཞིང་། ཞིབ་ཕྲ་ས་ཁུལ(གྲོང་ཁྱེར)གྱི་ས་ཁང་བདག་ཁོངས་གཙོ་གཉེར་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་སྤྱིར་བཏང་གི་ཚོང་སྒྱུར་སྡོད་ཁང་གི་ཆ་སྙོམས་བྲིན་ཚོང་རིན་གོང་དཔྱད་གཞིར་བཟུང་ནས་གཏན་འཁེལ་བྱེད་དགོས།
2.ཁྱིམ་ཚང་ལ་དབང་བའི་སྡོད་ཁང་གི་མི་རེའི་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་15ལས་བརྒལ་མི་རུང་བའམ་ཡང་ན་ས་གནས་དེ་རང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་བོགས་གཏོང་ཁང་པར་སྡོད་པ་མ་ཟད། བོགས་གཏོང་ཐོ་འགོད་སྙན་སེང་ཞུས་ཀྱང་སྡོད་ཁང་འགན་ལེན་གྱི་སྲིད་ཇུས་གཞན་དག་ལོངས་སྤྱོད་ཐུབ་མེད་པ་ཡིན་དགོས་ཤིང་། བོགས་གཏོང་ཁང་པ་སྤྲད་པའི་མི་སྣར་བོགས་གཏོང་ཁ་གསབ་སྤྲོད་ཀྱི་མེད།
3.རེ་ཞུ་བྱེད་མཁན་གཙོ་བོ་ས་གནས་དེ་རང་གི་གྲོང་མིའི་ཐེམ་ཐོ་ཡོད་པ་མ་ཟད། དངོས་སུ་སྡོད་ཀྱི་ཡོད་པ་དང་ཁྱིམ་ཚང་གི་ཁོངས་མིའི་ནང་ཉུང་མཐར་ཡང་མི་1ལ་ས་གནས་དེ་རང་གི་གྲོང་མིའི་ཐེམ་ཐོ་བཟོས་ནས་ལོ་གསུམ་ཡན་ལོན་དགོས།
4.ཁྱིམ་ཚང་གི་ཁོངས་མིའི་དབར་ཁྲིམས་མཐུན་གྱི་བསྙེན་བཀུར་དང་གསོ་སྐྱོང་ཀྱི་འབྲེལ་བ་ཡོད་དགོས།
ས་གནས་དེ་རང་གི་ཐེམ་ཐོ་ཡོད་པའི་གྲོང་མི་མི་ཧྲེང་གིས་རེ་ཞུ་བྱེད་པར་ད་དུང་གཤམ་གསལ་ཆ་རྐྱེན་གྱི་གྲས་ཤིག་ཚང་དགོས་པ་སྟེ།
1.རེ་ཞུ་བྱེད་མཁན་ལོ་35ཟིན་པ།
2.རེ་ཞུ་བྱེད་མཁན་ནི་ལོ་18ལ་སླེབས་པའི་མ་མཐའི་འཚོ་བའི་འགན་ལེན་མི་སྣའམ་གཟིགས་སྐྱོང་བྱ་ཡུལ་དང་། སྔོན་གཤེགས་དཔའ་བོའི་ནང་མི། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ། དབང་པོ་སྐྱོན་ཅན་སོགས་ཡིན་པ།
3.རེ་ཞུ་བྱེད་མཁན་ལ་ས་གནས་དེ་རང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་བརྟན་པོ་ཡོད་པ་དང་འབྲེལ། མི་སྤྱོད་ཚན་པ་དང་ངལ་རྩོལ(གླ་པ)གྱི་གན་རྒྱ་བཞག་ཡོད་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྤྱི་ཚོགས་འགན་བཅོལ་ལ་ཞུགས་ཡོད་པ།
གཉིས། ལས་ཀ་བརྟན་པོ་ཡོད་པའི་ཕྱི་ནས་ཡོང་མཁན་གླ་པས(ས་གནས་དེ་རང་གི་ཐེམ་ཐོ་མེད་པའི་ལས་ཞུགས་གསར་པ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚུད་པ)ཁང་གླའི་ཁ་གསབ་རེ་ཞུ་བྱེད་སྐབས། གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས་པ་སྟེ།
1.ལས་ཀ་བྱ་ཡུལ་གྱི་སྤྱི་བདེ་སྡེ་ཚན་གྱིས་སྤྲད་པའི་གནས་སྡོད་ལག་ཁྱེར་ཡོད་པ།
2.ཡོང་འབབ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱིམ་ཚང་གི་ཡོང་འབབ་ཚད་གཞི་ལས་དམའ་བ།
3.བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་བརྟན་པོ་ཡོད་པ་དང་མི་སྤྱོད་ཚན་པ་དང་ངལ་རྩོལ(གླ་པ)གྱི་གན་རྒྱ་བཞག་ཡོད་པ། ས་གནས་དེ་རང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྟུད་མར་ལོ་3དང་དེ་ཡན་འཇལ་བ་མ་ཟད། ད་དུང་འགན་བཅོལ་གྲོན་དངུལ་སྐྱེལ་བཞིན་ཡོད་པ།
4.རང་ཉིད་དང་བཟའ་ཟླར་གྲོང་ཁྱེར་དང་གྲོང་རྡལ་དེ་རང་དུ་རང་ལ་དབང་བའི་སྡོད་ཁང་མེད་པ་མ་ཟད། སྡོད་ཁང་འགན་ལེན་གྱི་སྲིད་ཇུས་གཞན་དག་ལོངས་སྤྱོད་ཐུབ་མེད་པ། བོགས་གཏོང་ཁང་པ་སྤྲད་པའི་མི་སྣར་བོགས་གཏོང་ཁ་གསབ་སྤྲོད་ཀྱི་མེད།
5.གྲོང་ཁྱེར་དང་གྲོང་རྡལ་དེ་རང་དུ་ཁང་པ་གླས་ནས་སྡོད་པ་དང་འབྲེལ། བོགས་གཏོང་ཐོ་འགོད་སྙན་སེང་ཡང་ཞུས་ཡོད་པ།
ཁང་གླའི་ཁ་གསབ་རེ་ཞུ་བྱེད་སྟངས་གཉིས་ཏེ། ཤང་དང་གྲོང་རྡལ་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ནས་རེ་ཞུ་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་གི་དོ་དམ་ཆ་འཕྲིན་མ་ལག་བརྒྱུད་དྲ་ཐོག་ནས་རེ་ཞུ་རེད།