ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མཛུབ་ཁྲིད་ནུས་ལྡན་འོག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་གསར་གཏོད་ལས་དོན་གྱི་ཁྱབ་ཁྱོན་དང་དེའི་ནང་ཞུགས་ཚད་ཆེ་རུ་བཏང་བས་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་དོ་ཁུར་བྱེད་པ་དང་མི་ཚང་མས་འཛུགས་གཏོད་བྱེད་སྒོའི་ནང་ཞུགས་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་སྟེ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ཡོད།
ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་གྱི་བགྲེས་སོང་ནོར་བུ་ཆོས་གྲགས་དང་ཀུའེ་ཀྲོའུ་ནས་ཡིན་པའི་ཡན་ཡུང་ཧ་ཅང་འཆམ་པོ་ཡོད། ཆུ་ཤུར་རྫོང་དཔལ་གླིང་གྲོང་ཚོ་ནས་ཡིན་པའི་ཤེ་ཅུན་ཁྲེང་བཟའ་ཚོ་གཉིས་ཀྱིས་ཕ་ཡུལ་ཀན་སུའུ་ནས་འདྲེ་ཚེར་མ་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ཏེ་འོས་འགན་ངང་གྲོང་མི་ཚོར་བསླབས་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད་ཡོད། ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་འཚོ་བའི་ཁྲོད་ཕན་ཚུན་ལྟ་རྟོག་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཡོད། དགའ་སྤྲོའི་འཛུམ་མདངས་རེ་རེ་དང་སྙན་འཇེབས་ལྡན་པའི་གཏམ་རྒྱུད་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོད་ཟེར་ཁྲོད་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་8དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་2 གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་139 གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་7བཅས་སྔ་རྗེས་སུ་འཛུགས་གཏོད་བྱས་ཡོད། དཔེ་སྟོན་ཚན་པ་དང་དཔེ་སྟོན་རྟེན་གཞི་དེ་དག་གིས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་གཏིང་ཟབ་དང་སྲ་བརྟན་དུ་གཏོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད། དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་དཔེ་བཟང་གི་དཔེ་མཚོན་མི་སྣ་དང་དཔེ་མཚོན་བྱས་རྗེས་དཔྱད་འདེམས་དང་། འོས་སྦྱོར། དྲིལ་བསྒྲགས་བཅས་མཐའ་འཁྱོངས་བྱས་ཤིང་། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་མཉམ་སྡེབ་5དང་མི་སྒེར་6ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་ཐོབ་པ་དང་། མཉམ་སྡེབ་77དང་མི་སྒེར་116ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་ཐོབ་པ། མཉམ་སྡེབ་286དང་། མི་སྒེར་321 ཁྱིམ་ཚང་53བཅས་ལ་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་ཐོབ་ཡོད།
འདི་ལོའི་དཔྱིད་གསར་དུས་ཆེན་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱིས་མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་བྱས་ཏེ། དཔྱིད་གསར་དུས་ཆེན་དགའ་གཏོང་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་བྱེད་སྒོ་མཉམ་དུ་སྤེལ་ནས་རིག་རྩལ་འཁྲབ་སྟོན་དང་། ཇ་སྟོན་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཚོས་དུས་ཆེན་མཉམ་དུ་བཏང་ནས་མི་རིགས་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ཞིང་། སྦྱར་པ་ཁང་གསར་སྒོ་རའི་ནང་དུ་སྡོད་མཁན་ཚེ་བདེ་སྐྱིད་ཀྱིས“ང་ཚོའི་སྒོ་ར་འདིར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་བཅས་མཉམ་དུ་སྡོད་ཀྱི་ཡོད་པས་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད”ཅེས་བརྗོད།
ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་ཏུ་གཏོང་བའི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་འགན་ཞིག་ཏུ་མཐའ་འཁྱོངས་བརྩིས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། ཐོན་སྐྱེད་འཚོ་བ། ལས་ཞུགས་ལས་གཏོད་བཅས་ཀྱི་ཕྱོགས་གང་སར་ཁྱབ་ཡོད། དཔལ་འབྱོར་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ། རིག་གནས་བསམ་བཀོད་གླིང་སོགས་ཀྱི་བྱེད་ནུས་ཁུལ་གཞི་རྟེན་དུ་བྱས་ནས་ཁྱད་ལྡན་ཐོན་ལས་ཧུར་ཐག་བཏོད་དེ། རྒྱལ་ཡོངས་ས་གནས་ཁག་གི་ཁེ་ལས་ཁྲི་4.3ལྷ་སར་མ་འཇོག་ལས་གཏོད་བྱེད་པར་ཡོང་བའི་ཡིད་དབང་བཀུག་པ་དང་། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ཏུ་བསྡུས་ནས་ལས་ཞུགས་འབབ་འཕར་ཐུབ་པར་བྱས་པ་དེས་མི་རིགས་ཁག་འགྲོ་འོང་རྒྱ་ཁྱབ་དང་། སྤེལ་རེས་གཏིང་ཟབ། མཉམ་འདྲེས་ཟབ་མོ་བཅས་ཡོང་བར་སྐུལ་མ་ཐེབས་ཡོད། ཆ་རྐྱེན་འཛོམས་པའི་ཞིང་པ(འབྲོག་པ)ལས་མི་ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྒྲིག་འཛུགས་བྱས་པ་དང་། ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་མི་རིགས་ཁག་གི་མང་ཚོགས་དུས་བཀག་ལྟར་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་ཁྲིད་ནས་རིག་གནས་སྤེལ་རེས་བྱས་ཡོད། མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་ཀྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་བཅས་ལ་ཕན་ཚུན་བརྩི་འཇོག་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་ཁོ་ཚོར་ཕན་ཚུན་མཛའ་བརྩེ་དང་ཕན་ཚུན་ལྟ་སྐྱོང་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་ནས་མི་རིགས་ཁག་གི་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྒྲུབ་མཉམ་སྤྲོ། མཉམ་སྐྲུན་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ནན་ཏན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཐད་བྱས་རྗེས་འཇོག་པ་དང་སྔོན་ལ་མིག་དཔེ་སྟོན་པ་དང་། མི་རིགས་ལས་དོན་གྱི་དམིགས་ཚད་གསར་པར་དམིགས་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས། ཤུགས་སྣོན་ཆད་མེད་དང་། སྙིང་རུས་གཏན་འཁྱོངས། རྒྱུན་སྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷ་སར་ནམ་ཡང་བཞད་པར་བྱེད།